སྐབས་ལྔ་པའི་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་དབུ་ཆེན་སྐུ་ཞབས་གདུགས་དཀར་མཆོག་༢༠༢༤ལོའི་ཟླ་༡༡པའི་ཚེས་༤ཉིན་གྱི་ཐོ་རེངས་ཆུ་ཚོད་༡དང་སྐར་མ་༢༦ཐོག་སྐུ་གཤེགས་པ་དང་། སྐུ་གཤེགས་དུས་དགུང་ལོ་༨༢རེད།
སློབ་དཔོན་གདུགས་དཀར་མཆོག་ནི་༡༩༤༢ལོར་འཁྲུངས་པ་དང་། མཚོ་སྔོན་ཞིང་ཆེན་རེབ་གོང་གྲོང་ཁྱེར་ནས་ཡིན་ཞིང་། ལོ་༧ནས་བཟུང་རེབ་གོང་ཐང་གའི་སྒྱུ་རྩལ་སྦྱངས་ནས་ལོ་ངོ་༧༠ལྷག་ཙམ་རིང་ཀན་སུའུ་དང་། སི་ཁྲོན། མཚོ་སྔོན་སོགས་ཀྱི་དགོན་སྡེ་ཆེ་གྲས་ཁག་ཏུ་ཞལ་ཐང་བཞེངས་པ་དང་། རྩེར་སོན་གྱི་ལག་རྩལ་དང་ཐུན་མིན་གྱི་མཚོན་ཐབས་ལ་བརྟེན་ནས་བརྩམས་ཆོས་འབོར་ཆེན་བརྩམས་པས་ལས་རིགས་དེའི་མི་ཀུན་གྱིས་ཁས་ལེན་ཞུ་བའི་སྒྱུ་རྩལ་མཁས་ཅན་ཞིག་ཏུ་གྱུར། ༢༠༠༦ལོར་ཁོང་ལ་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་དབུ་ཆེན་ཞེས་པའི་མཚན་གྱི་ཅོད་པན་ཐོབ།
སློབ་དཔོན་གདུགས་དཀར་མཆོག་གིས་སྐུ་ཚེ་གང་པོར་ཐང་གའི་སྒྱུ་རྩལ་གྱི་ཡང་རྩེར་འཛེགས་གནང་ཞིང་། ཁོང་གི་རི་མོའི་བློས་བསླངས་ལ་བསྒམ་ནན་ཀྱི་ཁྱད་ཆོས་ལྡན་པ་དང་། པིར་རིས་ལ་རང་བཞིན་གྱི་འཁྱུག་ཉམས་ལྡན་པ། རི་མོའི་ཞིབ་ཆ་འགོད་ཐབས་ཞིབ་ཅིང་ཕྲ་ལ་མཛེས་པ། མི་སྣའི་སྣང་རིས་གསོན་ཉམས་ལྡན་པ། བཟོ་བཀོད་མིག་ལ་མཛེས་ཤིང་འགབ་དང་མཚུངས་པ་སོགས་ཀྱི་ཁྱད་ཆོས་ལྡན་པས། ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་ཡོད། སློབ་དཔོན་གདུགས་དཀར་མཆོག་གིས་རེབ་གོང་ཐང་ག་བཞེངས་པའི་ལག་རྩལ་རྒྱུན་འཛིན་གནང་བ་དང་ཆབས་ཅིག ས་གནས་ཁག་གི་ནང་བསྟན་རི་མོའི་སྒྱུ་རྩལ་གྱི་སྙིང་བཅུད་རྒྱ་ཁྱབ་ངང་བསྡུ་ལེན་དང་ཀུན་གྱི་ལེགས་ཆ་ཚུལ་བཞིན་དང་ལེན་གནང་ཐོག འབུར་བཞེངས་སོགས་ཀྱི་རྩལ་ཐབས་ཐང་ག་བཞེངས་པའི་རྩལ་ཐབས་ནང་ལག་ལེན་གནང་ནས། རེབ་གོང་སྒྱུ་རྩལ་ལས་ཐང་ཀའི་འབྲི་ལུགས་བཞེངས་ལུགས་ཐད་གསར་འབྱེད་ཀྱི་མཛད་རྗེས་བཞག་ཡོད།
སློབ་དཔོན་གདུགས་དཀར་མཆོག་གིས་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་མཛད་རྗེས་ཆེན་པོ་བཞག་གནང་ཡོད་པ་དང་། སྔ་ཕྱིར་སློབ་མ་༢༣༠ལྷག་ཙམ་བསྐྱངས་ནས་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
སློབ་དཔོན་གདུགས་དཀར་མཆོག་ནི་སྤྱོད་ཡོན་གཉིས་ལྡན་དང་ལས་རིགས་འདིར་མཛད་རྗེས་འཇོག་པར་སྤྲོ་བའི་བྱས་པ་ཅན་ཞིག་ཡིན་ཞིང་། ཁོང་ནས་རེབ་གོང་ཐང་གའི་སྒྱུ་རྩལ་མཉམ་ལས་ཁང་བཙུགས་ནས་ལྷ་རིས་པ་གསོ་སྐྱོང་དང་ཚང་མས་མཉམ་དུ་ཐང་ག་འབྲི་བཞེངས་བྱས་པས། རེབ་གོང་ཐང་ག་ཐོན་ལས་ཅན་གྱི་ཐོག་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད། སློབ་དཔོན་གདུགས་དཀར་མཆོག་གིས་ས་གནས་དེ་གའི་རིག་གནས་འཛུགས་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ནང་ཧུར་ཐག་ཞུགས་ནས་རེབ་གོང་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་དང་ཐང་གའི་སྒྱུ་རྩལ་གྲོང་ཚོ་སོགས་སྲིད་གཞུང་གི་རིག་གནས་ཡུལ་སྐོར་རྣམ་གྲངས་གཏོད་རྒྱུར་རོགས་བྱས་ཏེ། གྲོང་གསེབ་དར་རྒྱས་དང་རེབ་གོང་སྒྱུ་རྩལ་རྒྱུན་འཛིན་འཕེལ་རྒྱས་ཐད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
སློབ་དཔོན་གདུགས་དཀར་མཆོག་སྐུ་གཤེགས་པ་ནི་རང་རྒྱལ་གྱི་བཟོ་རྩལ་མཛེས་རྩལ་ལས་རིགས་ཀྱི་གྱོང་གུན་ཚབས་ཆེན་ཞིག་ཡིན། སློབ་དཔོན་གདུགས་དཀར་ལགས། བདེ་བར་གཤེགས།
· བརྩམས་ཆོས་བདམས་བཀོད། ·
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
པར་རིས་ཡོང་ཁུངས། དྲ་ལམ།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག