ཚལ་རྔ་འགག་ཆུ་གློག་ས་ཚིགས་སུ་སྟོང་ཝ་ཁྲི120ཡི་ཤོང་ཚད་ལ་དྲ་སྦྲེལ་གློག་འདོན་ཐུབ་པ་བྱུང་།
ཉེ་སྔོན། ཆེས་མཐའ་མའི་འཕྲུལ་ཚན3པ་དེ་ཆུ་ཚོད72ལ་ཚོད་ལྟའི་འཁོར་སྐྱོད་བྱེད་པ་བདེ་བླག་ངང་ལེགས་འགྲུབ་བྱུང་སྟེ་དངོས་སུ་དྲ་སྦྲེལ་གློག་འདོན་པའི་མགོ་བརྩམས་པ་དེས་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པའི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་ཟིས་ཚལ་རྔ་འགག་ཆུ་གློག་ས་ཚིགས་ལ་ལོ་གཅིག་ལ་མ་དངུལ་གསུམ་གཏོང་བའི་དམིགས་ཚད་ལེགས་འགྲུབ་བྱུང་བ་དང་། སྟོང་ཁྲི120ཡི་ཤོང་ཚད་ལ་དྲ་སྦྲེལ་གློག་འདོན་ཐུབ་པ་མངོན་འགྱུར་བྱུང་བ་མཚོན་ཡོད།
དུས་ཡུན་ཉིན1094རིང་རྨ་ཆུའི་ཀུང་ཟིའི་འཛུགས་སྐྲུན་པས་བདེ་འཇགས་བཟོ་སྐྲུན་དང་སྐྱེ་ཁམས་བཟོ་སྐྲུན། ཤེས་ལྡན་བཟོ་སྐྲུན། སྤུས་དག་བཟོ་སྐྲུན་བཅས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་དམ་པོར་བཟུང་ནས་ས་རྒོད་ལུང་སྟོང་གི་གྲོག་རོང་དུ་ཉིན་མཚན་མེད་པར་འབད་བརྩོན་བྱས་ཏེ་ཆེས་ཁྱད་འཕགས་ཅན་གྱི་བཟོ་སྐྲུན་ཞིག་ལེགས་འགྲུབ་བྱུང་བ་རེད། ཚལ་རྔ་འགག་ཆུ་གློག་ས་ཚིགས་ནི་ཞིན་ཧེ་རྫོང་དང་ཀོས་ནན་རྫོང་གི་འབྲེལ་མཚམས་ཀྱི་རྨ་ཆུའི་བཞུར་རྒྱུད་དུ་ཡོད་ལ།བཟོ་སྐྲུན་ཆེ་ཤོས་ཀྱི་ཁོངས་སུ་གཏོགས་པ་ཡིན་ཏེ། རྒྱལ་ཁབ་ཀྱིས་འཆར་འགོད་འཛུགས་སྐྲུན་བྱེད་པའི་ཆུ་གློག་བཟོ་སྐྲུན་གཙོ་བོ་དང་རྒྱལ་ཁབ་ཀྱི་གློག་ཤུགས་མ་འཇོག་ཁྲོད་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ནུས་ཁུངས་ཀྱི་འགན་ལེན་ལས་གཞི་གལ་ཆེན་ཞིག་རེད། ཆུ་གློག་ས་ཚིགས་སུ་སྟོང་ཝ་ཁྲི40ཡོད་པའི་ཆུ་འཁོར་གློག་འདོན་འཕྲུལ་ཚན3སྒྲིག་སྦྱོར་བྱས་ཡོད་པ་དང་། སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་ཤོང་ཚད་ལ་སྟོང་ཝ་ཁྲི120ཟིན་ནས་ལོ་རེར་ཆ་སྙོམས་གློག་འདོན་ཚད་སྟོང་ཝ་དུང་ཕྱུར47.32ཟིན་ནས། ཁྱིམ་ཚང་ཁྲི158ཀྱི་ལོ་རེ་ཡི་གློག་སྤྱོད་པའི་དགོས་མཁོ་སྐོང་ཐུབ་ཀྱིན་ཡོད་པ་དང་། ལོ་རེར་རྡོ་སོལ་ཏུན་ཁྲི146.7གྲོན་ཆུང་བྱས་ཤིང་དབྱང་གཉིས་ཐཱན་རྫས་ཏུན་ཁྲི441.2ཇེ་ཉུང་དུ་བཏང་ཡོད་པས་དཔལ་འབྱོར་དང་སྐྱེ་ཁམས་ཀྱི་ཕན་འབྲས་མངོན་གསལ་ཐོན་ཡོད་པ་རེད།
རྨ་ཆུའི་ཀུང་ཟི་ཚལ་རྔ་འགག་གློག་འདོན་ཡན་ལག་ཀུང་ཟིའི་སྤྱི་གཉེར་བ་ཞུས་ཅན་ཅུན་གྱིས་ཚལ་རྔ་འགག་ཆུ་གློག་ས་ཚིགས་ཀྱི་སྒྲིག་ཆས་གཙོ་བོའི་ནང90%ཡན་རྒྱལ་ནང་གི་ཐོན་སྐྱེད་བྱས་པ་བཀོལ་སྤྱོད་བྱས་ཡོད་པ་དང་། ཆུ་རགས་ངོས་ལ་རྒྱལ་ནང་དུ་ཐོག་མར་གསར་གཏོད་བྱས་པའི་ཨར་འདམ་དང་རྡོ་རགས་འདྲེས་མའི་གྲུབ་ཆ་སྤྱད་ཡོད་པ་དང་། རིམ་རྩིས་རྡིབ་ཚད་ཆེ་ཤོས་ནི་ཆུ་རགས་ཀྱི་མཐོ་ཚད་ཀྱི0.27%ཡིན་པས་ལས་རིགས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་ཡོད། རང་རྒྱལ་གྱི་མཐོ་ཚད་སྨི300ཅན་གྱི་ཆུ་རགས་འཛུགས་སྐྲུན་ལ་ལག་ལེན་གྱི་ཉམས་མྱོང་འདོན་སྤྲོད་བྱས་ཡོད་པ་རེད་ཟེར།
མིག་སྔའི་བར། ཚལ་རྔ་འགག་ཆུ་གློག་ས་ཚིགས་ཀྱིས་ཐོན་སྐྱེད་བྱེད་མགོ་ཚུགས་པའི་འཕྲུལ་ཚན་གྱི་མ་ལག་སོ་སོའི་འཁོར་སྐྱོད་གནས་ཚུལ་ཡག་པོ་ཡོད་པ་དང་། འཕྲུལ་ཚན་གསུམ་པའི་ཆ་སྙོམས་ཀྱི་འགུལ་ཚད་དང་གཡོ་ཚད་ཧའོ་སྨི0.021དང་ཧའོ་སྨི0.012ཡིན་པས་དེ་དག་ཚང་མ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཚད་གཞི་དང་མཐུན། རིམ་རྩིས་བྱས་ན་གློག་འདོན་ཚད་སྟོང་ཝ་དུང་ཕྱུར3.73ལས་བརྒལ་ནས་སྤྱི་ཚོགས་དཔལ་འབྱོར་གོང་དུ་འཕེལ་བར་ཕན་ནུས་མཐོ་བའི་ལྗང་མདོག་གློག་ནུས་སྐྱེལ་འདྲེན་ཐུབ་ཀྱིན་ཡོད་པ་རེད།
ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད།
ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།