གློག་སྒུལ་འཁྲུད་ཆས། ཁྱིམ་ལས་རང་འགུལ་ཅན་དུ་འགྱུར་བའི་ཐོག་མ།

时事   2025-01-07 20:09   青海  

གློག་སྒུལ་འཁྲུད་ཆས། ཁྱིམ་ལས་རང་འགུལ་ཅན་དུ་འགྱུར་བའི་ཐོག་མ།

གློག་སྒུལ་འཁྲུད་ཆས་ཨང་དང་པོ་དེ་ནི1910ལོར་ཨ་རི་པ་ཧྥེ་ཞེས་ཆེད་ཕན་རེ་ཞུ་ཕུལ་བ་ཡིན། དེའི་རྗེས་སུ། གློག་སྒུལ་འཁྲུད་ཆས་ཀྱི་བྱེད་ལས་རིམ་པ་བཞིན་དུ་ཤུགས་སྣོན་དང་འཐུས་སྒོ་ཚང་བར་གྱུར། དེ་ཡང་གློག་སྒུལ་འཁྲུད་ཆས་ཀྱི་ལོ་རྒྱུས་ནི་ཁྱིམ་ལས་རང་འགུལ་ཅན་དུ་བསྒྱུར་བའི་ལོ་རྒྱུས་ཡིན་ལ། བུད་མེད་རྣམས་ཁྱིམ་ལས་ཀྱི་ལས་ཀ་ལྕི་མོའི་ཁྲོད་ནས་རིམ་བཞིན་དུ་བཅིངས་འགྲོལ་ཐོབ་པའི་ལོ་རྒྱུས་ཤིག་ཀྱང་ཡིན་ཞེས་བརྗོད་ཆོག

གནའ་ནས་ད་ལྟའི་བར་དུ། གྱོན་ཆས་འཁྲུད་པ་དེ་ནི་དུས་ནམ་ཡིན་ཡང་བྱོལ་ཐབས་དང་བྲལ་བའི་ཁྱིམ་ལས་ཤིག་ཡིན། ཡིན་ན་ཡང་མི་གང་མང་ཞིག་ལ་ཆ་མཚོན་ནས་བཤད་ན། འཁྲུད་ཆས་མ་བུད་གོང་དུ། དེ་ནི་ཞིང་སྡེའི་སྐྱིད་སྣང་མཚོན་པའི་སྙན་ངག་ནང་དུ་བྲིས་པ་ནང་བཞིན་དགའ་སྣང་གིས་ཁེངས་པ་ཞིག་གཏན་ནས་མིན་ཏེ། ལག་པས་འཕུར་བ་དང་དབྱུག་པས་རྡུང་བ། ཆུ་ནང་དུ་བཤལ་བ། ལྭ་བ་ལག་པས་གཅུས་ནས་ཆུ་བཙིར་ཏེ་ཉི་མར་སྐེམ་པ་ལ་སོགས་པ་ཡང་དང་བསྐྱར་དུ་ལས་དགོས་པའི་ལུས་པོའི་ངལ་རྩོལ་ཙག་ཙིག་འབའ་ཞིག་ཡིན་པས། དེས་མི་ལ་བཞག་པའི་ཚོར་བ་ནི་དཀའ་ཞིང་ངལ་དུབ་ཆེ་བའི་ལས་ཀ་ཞིག་ཡིན།

རང་འགུལ་ཅན་གྱི་འཁྲུད་ཆས་ཨང་དང་པོ།

1858ལོར། ཨ་རི་པ་ཧྲི་སྨི་སིས་འཛམ་གླིང་ཐོག་གི་འཁྲུད་ཆས་ཨང་དང་པོ་གསར་བཟོ་བྱས། དེ་ནི་ལྷུ་ལག་གཙོ་བོ་སྟེ་ཟོ་བའི་ནང་དུ་གྲུ་ཁེམ་གྱི་དབྱིབས་དང་འདྲ་བ་ཞིག་འཁོར་མདའ་དྲང་མོའི་སྟེང་དུ་སྒྲིག་སྦྱོར་བྱས་ཡོད་པ་དེ་འཁོར་ནས། དེ་དང་འབྲེལ་མཐུད་བྱས་ཡོད་པའི་ཡུ་བ་འཁྱོག་པོ་ཅན་དེ་བསྐོར་བ་ཡིན། དེ་ནི་བཀོལ་སྤྱོད་བྱེད་དུས་དཀའ་ལས་མང་པོ་རྒྱག་དགོས་པར་མ་ཟད། གྱོན་ཆས་ཐེད་དུ་འཇུག་སླ་བའི་སྐྱོན་ཡང་ཡོད་སྟབས། འཁྲུད་ཆས་རིགས་དེ་ཁྱབ་གདལ་དུ་གཏོང་མ་ཐུབ། དེ་འདྲ་ཡིན་ཡང་དེ་འཕྲུལ་འཁོར་གྱིས་གྱོན་ཆས་འཁྲུད་པའི་འགོ་ཚུགས་སའི་མཚོན་རྟགས་སུ་གྱུར་ཡོད།
1874ལོར། ཨ་རི་པ་པུའུ་ལའེ་ཁི་སིས་ཤིང་གིས་བཟོས་པའི་ལག་སྐོར་འཁྲུད་ཆས་ཤིག་གསར་གཏོད་བྱས་པ་སྟེ། ཤིང་ཟོའི་ནང་དུ་འདབ་ལྷེ་ལེབ་མོ་དྲུག་སྤྲད་ཡོད་ཅིང་། ལག་པས་སྐོར་སྤྱད་དང་སོ་འཁོར་གྱིས་བསྐོར་བ་ལས་གྱོན་ཆས་ཟོ་བའི་ནང་ཡར་སྐོར་མར་སྐོར་བྱས་པར་བརྟེན་ནས་གཙང་མར་གཏོང་བ་དམིགས་ཡུལ་དུ་བཟུང་། སྒྲིག་ཆས་དེ་བུད་པ་ཡིས་འཁྲུད་ཆས་ཇེ་ལེགས་སུ་གཏོང་བའི་གོམ་སྟབས་གོམ་གང་མདུན་སྤོས་སྒོས་ཇེ་མགྱོགས་སུ་སོང་བ་རེད།
2011ལོའི་ཟླ9པའི་ཚེས22ཉིན། མཚོ་འགག་འགྲམ་གཉིས་ཀྱི་བེད་མེད་གློག་རྡུལ་དངོས་རོ་ཚུར་སྡུད་བེད་སྤྱོད་ཀྱི་ལག་རྩལ་དང་སྒྲིག་ཆས་འགྲེམ་སྟོན་ཚོགས་འདུ་པེ་ཅིན་དུ་འཚོགས། རི་ལྟར་བརྩིགས་པའི་འཁྱགས་སྒམ་རྙིང་པ་དང་བརྙན་འཕྲིན་རྙིང་པ། འཁྲུད་ཆས་རྙིང་པ་ལ་སོགས་པའི་ཁྱིམ་སྤྱོད་གློག་ཆས་རྙིང་པས་ལྟ་མཁན་རྣམས་ཧ་ལས་སུ་བཅུག
1880ལོར། ཨ་རིར་ཡང་རླངས་པ་སྒུལ་ཤུགས་སུ་སྤྱད་ཅིང་དེས་མིས་ལག་པས་བསྐོར་བའི་ཚབ་བྱེད་པའི་རླངས་སྒུལ་འཁྲུད་ཆས་ཤིག་གསར་བཟོ་བྱས། དེའི་རྗེས་སུ་གཅིག་རྗེས་གཉིས་མཐུད་དུ་ཆུ་ཤུགས་ཀྱི་འཁྲུད་ཆས་དང་། རླངས་སྣུམ་ཤེད་འཕྲུལ་གྱིས་བསྐོར་བའི་འཁྲུད་ཆས་ལ་སོགས་པ་བྱུང་། གློག་གསར་རྙེད་བྱུང་བ་དང་བསྟུན་ནས། གློག་སྒུལ་འཁྲུད་ཆས་ཀྱང་མཇུག་མཐར་བུད་པ་རེད།
1910ལོར། ཨ་རི་པ་ཧྥེ་ཞེས་འཛམ་གླིང་གི་གློག་སྒུལ་འཁྲུད་ཆས་ཨང་དང་པོའི་ཆེད་ཕན་རེ་ཞུ་ཡི་གེ་ཕུལ། སྔོན་ཆད་ཀྱི་འཁྲུད་ཆས་ཀྱི་རྨང་གཞིའི་སྟེང་དུ། ཧྥེ་ཞེས་ཀྱིས་ཤེད་འཕྲུལ་གྱིས་བསྐོར་བའི་ཉལ་གནས་འཁོར་ཟོ་ཞིག་གསར་གཏོད་བགྱིས་ཤིང་། སྒྲིག་ཆས་གསར་པ་དེས་མིའི་ཤེད་ཤུགས་གཏོང་བ་བྱིངས་ནས་ཇེ་ཡང་དུ་བཏང་བས། དེ་འགྲོ་བ་མིའི་ཁྱིམ་ལས་རང་འགུལ་ཅན་དུ་འགྱུར་བའི་འགོ་ཚུགས་སའི་མཚོན་རྟགས་སུ་གྱུར་ཡོད། ཡིན་ན་ཡང་འཁྲུད་ཆས་རིགས་དེ་ཚོང་རར་བཞག་རྗེས་ཉོ་མཁན་མང་པོ་མ་ཡོད་པས་ཚོང་མི་རྒྱུག་པ་ཆགས།
འཛམ་གླིང་འཁྲུག་ཆེན་དང་པོའི་རྗེས་ཀྱི1922ལོར། ཨ་རིའི་མཱ་ཐ་དབྱི་ཀི་སྤྱི་གཉེར་ཁང་གིས་འཁྲུད་ཆས་ཀྱི་འཁྲུད་བྱེད་སྒྲིག་གཞིར་བཅོས་བསྒྱུར་བྱས་ཏེ། བཀྲུ་བྱའི་གྱོན་ཆས་འདྲུད་འཐེན་ཅན་ནས་སྲུབ་དཀྲུག་ཅན་དུ་བསྒྱུར་ནས་འཁྲུད་ཆས་ཀྱི་སྒྲིག་གཞི་གཏན་འཇགས་སུ་བཏང་བ་སྟེ། དེ་ནི་སྲུབ་དཀྲུག་ཅན་གྱི་འཁྲུད་ཆས་དེའི་ཟོ་དཀྱིལ་དུ་ཡར་བརྩེངས་པའི་འཁོར་མདའ་ཞིག་སྤྲད་ཡོད་ཅིང་། ཡར་བསླངས་པའི་འཁོར་མདའི་རྟིང་དུ་སྲུབ་དཀྲུག་བྱེད་སྤྱད་ཀྱི་ཁེམ་གཤོག་སྒྲིག་སྦྱོར་བྱས་ཡོད་པ་དང་། གློག་སྒུལ་འཕྲུལ་འཁོར་གྱིས་ཡར་བསླངས་འདུག་པའི་འཁོར་མདའ་བསྐོར་ནས་དུས་ངེས་ཅན་ལྟར་དྲང་འཁོར་དང་ལྡོག་འཁོར་བྱེད་པས། གྱོན་ཆས་དང་ཆུ་རྒྱུན་ཆག་མེད་དུ་ཕར་སློག་ཚུར་སློག་དང་ཕན་ཚུན་དབུར་བརྡར་བྱེད་དུ་བཅུག་ནས་གྱོན་གོས་གཙང་མར་བཀྲུས་པ་ཡིན། སྲུབ་དཀྲུག་ཅན་གྱི་འཁྲུད་ཆས་ཀྱི་སྒྲིག་གཞི་ཚན་རིག་དང་མཐུན་པས་དེར་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།
1932ལོར། ཨ་རིའི་པུན་ཏི་ཁི་སི་མཁའ་སྐྱོད་སྤྱི་གཉེར་ཁང་གིས་མདུན་འཇོག་ཅན་གྱི་རང་འགུལ་འཁྲུད་ཆས་ཨང་དང་པོ་ཞིབ་འཇུག་བཟོ་སྐྲུན་བྱས་ཏེ་ལེགས་འགྲུབ་བྱུང་བ་དང་། དེས་གོས་འཁྲུད་པ་དང་བཤལ་བ། བཙོག་ཆུ་ཕྱིར་གཏོང་བ་བཅས་ཚང་མ་ཟོ་བ་གཅིག་གི་ནང་ནས་ཐུབ་པ་ཁྱབ་བསྒྲགས་བྱས། དེ་ལས་གློག་སྒུལ་འཁྲུད་ཆས་ཀྱི་རྣམ་པ་ཐེམ་སྐས་གསར་པ་ཞིག་གི་སྟེང་དུ་བུད་དེ། རང་འགུལ་ཅན་གྱི་ཕྱོགས་སུ་ཡང་གོམ་པ་ཆེན་པོ་གང་སྤོས་པ་རེད།
དེང་རབས་ཀྱི་གློག་རྡུལ་བཟོ་ལས་ཡར་རྒྱས་གོང་འཕེལ་བྱུང་བ་དང་བསྟུན་ནས། ལག་སྒུལ་དང་རང་འགུལ་ཕྱེད་ཅན་གྱི་འཁྲུད་ཆས་ནས་གློག་ཀླད་ཀྱིས་ཚོད་འཛིན་བྱེད་པའི་ཚང་མ་རང་འགུལ་ཅན་ཡིན་པའི་འཁྲུད་སྐེམ་འཕྲུལ་འཁོར་དུ་ཡར་རྒྱས་གོང་འཕེལ་བྱུང་སྟེ། གྱོན་ཆས་བངས་པ་དང་འཁྲུད་པ། གཤལ་བ། གཡུག་པ། སྐེམ་པ་བཅས་ཚང་མ་གློག་ཀླད་ཀྱིས་ཚོད་འཛིན་བྱེད་ཅིང་། གློག་སྒོ་དང་དེ་མིན་མགྱོགས་ཚད་དང་ཆུའི་དྲོ་འཁྱག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཚོར་ཆས་ཀྱིས་ཚོད་འཛིན་བྱེད་པ་སྟེ། གྱོན་ཆས་འཁྲུད་ཆས་ཀྱི་ནང་དུ་བཞག་ནས་གློག་སྒོ་ཕྱེ་ཙ་ན། ཐོག་མཐའ་བར་གསུམ་དུ་རང་འགུལ་གྱིས་འཁོར་བས་མིས་དེར་ཐུག་མི་དགོས་པ་རེད། ཚན་རྩལ་བླ་ལྷག་ཏུ་ཡར་རྒྱས་གོང་འཕེལ་བྱུང་བ་དང་བསྟུན་ནས། མི་རྣམས་ཀྱིས་སྔར་བས་ལྷག་པར་བཀོལ་སྤྱོད་བྱེད་བདེ་བའི་འཁྲུད་ཆས་རིགས་གསར་པ་མུ་མཐུད་དུ་བུད་དེ་མི་རྣམས་ལ་དགའ་སྤྲོ་གསར་པ་སྟེར་བར་ང་ཚོར་ཡིད་ཆེས་ཡོད་དོ། །


ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། 



རྩོམ་སྒྲིག་པ། སྐར་མ་རྡོ་རྗེ། 

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章