ཐེག་ཆེན་ཚུལ་འཇུག་དང་རོང་ཟོམ་པ་གླེང་བ། ཆོས་རྗེ་འཇིགས་མེད་ཕུན་ཚོཊ།

健康   电影   2024-10-07 09:48   四川  

ཆོས་ཀྱི་རྗེས་ཐུགས་གཙིགས་ཆེན་པོར་གནང་བའི་རོང་ཟོམ་མ་ཧཱ་པཎྜི་ཏ་དང་ཐེག་ཆེན་ཚུལ་འཇུག


རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ། 


     མེ་སྟག་ལོའི་ལོ་འདིའི་དགུན་ཆོས་སྐབས་ཆོས་ཀྱི་རྗེ་ཉིད་ཀྱིས་སློབ་མ་སྤྱི་ལ་རོང་ཟོམ་མ་ཧཱ་པཎྜི་ཏའི་ཐེག་ཆེན་ཚུལ་འཇུག་རྒྱས་པར་གསུངས། དེ་སྐོར་རྗེ་ཉིད་སྤྱན་རས་གསལ་ཞིང་རྣམ་དཔྱོད་ཀྱང་ཧ་ཅང་མྱུར་ལ་སྐྱེན་པ་ཞིག་ཡོད་ཅིང་། འཆད་ཁྲིད་གནང་བའི་དུས་ན་འདི་སྐད་དུ་གསུངས་པ་དྲན་ཏེ། རོང་ཟོམ་མ་ཧཱ་པཎྜི་ཏ་ཞེས་པ་ཁོང་ནི་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་ཁྱད་འཕགས་ཤིག་ཡིན་ཏེ། གང་ཉིད་བྱིས་པ་ཆུང་ཆུང་ཡིན་དུས་མས་པང་དུ་བཟུང་ནས་རོང་གི་ཆུ་ཚན་ཁར་ཁྱེར་ནས་ཇོ་བོ་རྗེ་མཇལ་སྐབས། བྱིས་པ་འདི་སྐྱེས་ཙམ་ནས་རྒྱ་གར་གྱི་སྐད་ཀྱིས་ཆོས་གཏམ་སྨྲ་མི་ཞིག་ཡིན་འདུག་པས་ཅི་འདྲ་ཡིན་མིན་མི་ཤེས། ཇོ་བོས་ཆོས་གཏམ་ཞིག་མཛོད་དང་ཞུས་པས། ཇོ་བོས་བྱིས་པ་དེ་སྐུ་པང་དུ་བཞེས་ནས། ཀ་ན་ཧོ། ཞེས་སོགས་རྒྱ་གར་སྐད་ཀྱིས་དྲི་བ་མཛད་པ་ལ་བྱིས་པ་དེས་ལན་ཐོགས་པ་མེད་པར་བཏབ་པས། ཇོ་བོའི་ཞལ་ནས། འདི་ཨ་ཙ་ར་ནག་པོ་སྤྱོད་པའི་སྐུ་སྐྱེ་དེ་མ་ཐག་པ་ཡིན་འདུག་པས། ཁོ་བོས་ཆོས་གཏམ་བྱ་ག་ལ་བཏུབ་ཅེས་གསུངས་ཏེ་གུས་པ་བླ་ལྷག་ཏུ་མཛད་པའི་ལོ་རྒྱུས་ཡོད་ཚུལ་སོགས་རྒྱས་པར་གསུངས། 

     དེ་མཚུངས་གང་ཉིད་ཀྱི་རྡོ་རྗེའི་གསུང་ཐེག་པ་ཆེན་པོའ་ིཚུལ་ལ་འཇུག་པ་ཞེས་པ་འདི་ལའང་གཞན་དང་མི་འདྲ་བའི་ཁྱད་ཆོས་ཆེན་པོ་ཡོད་ཚུལ་ལན་དུ་མར་བཀའ་གནང་བ་དང་། གཞུང་གི་དཀྱུས་སུ་འབྱུང་བའི་སྒྱུ་མའི་བུ་འབའ་ལེའི་གཏམ་རྒྱུད་དང་། རི་དྭགས་མེའི་གཙང་སྦྲ་ཅན་གྱི་ལོ་རྒྱུས་སོགས་ལ་ཐུགས་དགྱེས་ཚུལ་མཛད། ཁྱད་པར་དུའང་གཞུང་དེ་ཉིད་ལས། ཡང་དག་ཡིན་མིན་གྱི་ཀུན་རྫོབ་གཉིས་ལ་ཁྱད་ཡོད་པ་དང་། ཡང་དག་པའི་ཀུན་རྫོབ་ཉིད་དོན་དམ་དཔྱོད་བྱེད་ཀྱིས་དཔྱད་ན་མི་འགྲུབ་པ་མ་གཏོགས་ཐ་སྙད་དཔྱོད་བྱེད་ཀྱིས་འགྲུབ་པར་འདོད་པའི་ཕྱོགས་སྔ་དགག་སྐབས། གང་ཟག་གི་རྫས་ཀྱིས་བྱ་བ་བྱེད་པ་ཙམ་འགྲུབ་པ་ལས་ཆོས་ཀྱི་རྫས་ཀྱིས་བྱ་བ་བྱེད་པ་མི་འགྲུབ་ཚུལ་སོགས་གསུངས་པའི་མཐར། རང་རང་གི་ས་ཚོད་ཙམ་སྒྲུབ་པར་བྱེད་པའི་རིགས་པའི་སྤུངས་ཙམ་ཡང་མི་བཟོད་ན། ཐ་སྙད་ཙམ་ཡང་ཇི་ལྟར་འགྲུབ་པར་འགྱུར། 

     དཔེར་ན་དགྲའི་དཔུང་འཇོམས་པར་བྱེད་པའི་གླང་པོ་ཆེས་དཔུང་གི་ཚོགས་ཁུར་ནས་ཐོ་བའི་ལྕགས་ཀྱིས་བསྐུལ་བའི་དཔུང་བཟོད་པ་ལྟ་བུ་མ་ཡིན་དུ་ཟིན་ཀྱང། ཞིང་ཙམ་རྨོ་བའི་བྱ་བ་བྱེད་པའི་བ་ལང་ལའང་གཉའ་ཤིང་ཁུར་ནས་འཁྲི་ཤིང་གི་ལྕག་གིས་བསྐུལ་བའི་སྤུངས་ཙམ་ཡང་མི་བཟོད་ན་ར་སྐྱེས་ཀྱི་སྤུངས་དང་བྱེ་བྲག་ཏུ་གྱུར་པ་ཅི་ཞིག་ཡོད། ཅེས་སོགས་ཀྱིས་བསྟན་པ་ལྟར་ཡང་དག་ཀུན་རྫོབ་དེ་དོན་དཔྱོད་རིགས་པས་ལྟ་ཅི་སྨོས། ཀུན་རྫོབ་ལ་གཉིས་སུ་ཕྱེ་བའི་ཡ་གྱལ་ཆོས་ཀྱི་རྫས་སྒྲུབ་བྱེད་ཀྱི་རིགས་པས་ཀྱང་མི་འགྲུབ་ཚུལ་གསུངས་ཡོད་པ་འདི་ལ་ཁྱད་ཆོས་ཧ་ཅང་ཆེན་པོ་ཡོད་ཅེས་རྩལ་བཤད་མཛད་ཅིང་། དོན་དམ་དཔྱོད་རིགས་ལ་མ་བརྟེན་པར་ཀུན་རྫོབ་ཀྱི་རིགས་པ་རང་ཉིད་ལ་བརྟེན་ནས་རང་ཉིད་ཀུན་རྫོབ་ཙམ་དུའང་ཡང་དག་པར་མ་གྲུབ་པར་བསྒྲུབས་པ་འདི་འདྲ་བའི་རིགས་པ་ཟབ་མོ་ནི་དབུ་མ་ཐལ་འགྱུར་པའི་གཞུང་ནའང་ཨེ་ཡོད་ནཱ་ཞེས་སོགས་གསུངས་ཏེ་བསྔགས་བརྗོད་རྒྱ་ཆེར་མཛད་དོ། །

     དེ་བཞིན་དུ་གཞུང་དེ་ཉིད་ལས་བྱང་ཆུབ་སེམས་ཀྱི་གཞག་ཐབས་བཤད་པའི་སྐབས། ཤེས་བཞིན་དང་ཤེས་བཞིན་ཆེན་པོའི་བྱེ་བྲག་གཉིས་སུ་ཕྱེ་ཞིང་། བཏང་སྙོམས་དང་བཏང་སྙོམས་ཆེན་པོའི་བྱེ་བྲག་གཉིས་སམ་ཡང་ན་གསུམ་དུ་ཕྱེ་ནས་འདིར་ཤེས་བཞིན་ཆེན་པོའི་སྣོད་ཀྱིས་བཟུང་ཞིང་། བཏང་སྙོམས་ཆེན་པོའི་ངང་ལ་གནས་དགོས་ཚུལ་གསུངས་པ་དེ་ཤིན་ཏུ་གནད་ཆེ་ཞེས་ཡང་ཡང་བཀའ་གནང་བ་དྲན་ནོ། །


ཆོས་ཀྱི་རྗེའི་མཛད་རྣམ་རྒྱས་པ་ལས་གདན་ས་བླ་རུང་ནས་དམ་པའི་ཆོས་འཆད་སྤེལ་གྱི་བགྱི་བ་མུ་མཐུད་དུ་གནང་ཞིང་ཡང་བསྐྱར་ཉག་ཡུལ་ལ་ཕེབས་ཚུལ་སོགས་ཀྱི་སྐོར་ཞེས་པ་ལས་ཁོལ་དུ་ཕྱུང་། 

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་འཆད་ཁྲིད་གནང་བའི་རོང་ཟོམ་ཆེན་པོའི་བརྩམས་ཆོས།‍‍‍‍‍‍‍‍



ངོ་སྤྲོད་བསྡུས་པ།

རོང་ཟོམ་ཆོས་ཀྱི་བཟང་པོ།

༡༠༡༢-༡༡༣༡


   རོང་ཟོམ་ཆོས་ཀྱི་བཟང་པོ་ནི་རབ་བྱུང་གོང་གི་སྤྱི་ལོ༡༠༡༢ལོར། གཙང་སྨད་སྣར་ལུང་རོང་དུ་སྐུ་འཁྲུངས། ཡོངས་གྲགས་སུ་ཇོ་བོ་སྨྲི་ཏིའི་སྐུ་སྐྱེ་རུ་གྲགས་ཤིང་། ཇོ་བོ་རྗེས་རྒྱ་གར་གྱི་གྲུབ་ཆེན་ནག་པོ་བའི་སྐྱེ་བར་ངོས་བཟུང་། དགུང་གྲངས་བཅུ་གཅིག་པར་མཚན་ཉིད་གསན་ཞིང། དགུང་གྲངས་བཅུ་གཉིས་དང་བཅུ་གསུམ་པར་འགར་ཚུལ་ཁྲིམས་བཟང་པོ་དང་མདོ་སྟོན་སེང་གེ་རྒྱལ་མཚན་ལས་སྔགས་གསན་ཏེ། དགུང་གྲངས་བཅུ་གསུམ་སོན་སྐབས་གསན་པ་རྫོགས་པ་དང་འདྲ་བར་མཁྱེན་རབ་ཐོགས་མེད་དུ་རྒྱས་ཏེ་མཁས་པའི་གྲགས་པ་འབར། ཆོས་གང་ལའང་ཚར་རེ་གསན་པས་ཁོང་དུ་ཆུད་པར་གྱུར། ཁོང་གི་ཞལ་ནས‘‘བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ལ་མ་ཐོས་པ་མེད་དོ།། ཐོས་པ་ཆེ་བ་མ་ཡིན་ཏེ་ཆོས་ཕལ་ཆེ་ལ་ཚར་རེ་ལས་མ་ཐོས’’ཞེས་གསུངས། 

   མ་ཟད། རྒྱ་གར་གྱི་པཎྜི་ཏ་མཉྫ་ཝརྨ་དང་ཨ་མོ་གྷ་བཛྲ་སོགས་བསྟེན་ནས་རྒྱ་ཡིག་དང་རྒྱ་གཞུང་ལ་བསླབས་ཏེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་དང་གཤིན་རྗེའི་དཀའ་འགྲེལ། བདེ་མཆོག་རྩ་རྒྱུད་སོགས་བསྟན་བཅོ་མང་པོ་བོད་དུ་བསྒྱུར། བསླབ་པ་རིན་པོ་ཆེ་གསུམ་རྒྱུད་ལ་བསྟེན་པའི་ཆེད་དུ་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་དམ་ཚིག་མདོ་རྒྱས་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་འགྲེལ་པ་ཚུལ་བཞི་ཡན་ལག་བཅོ་ལྔ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་རྫོགས་པ་ཆེན་པོའི་ལྟ་སྒོམ་མན་ངག་གི་འགྲེལ་པ་སོགས་བསྟན་བཅོས་ཧ་ཅང་མང་པོ་མཛད་པར་གྲགས་ཀྱང་།   ད་ལྟ་བཞུགས་པ་ནི་རྒྱ་སྲས་གཞན་ཕན་མཐའ་ཡས་ཀྱིས་དབུ་གཙང་ཁུལ་ནས་འཚོལ་སྡུད་མཛད་པའི་མ་དཔེ་ལས་བྱུང་བ་པོད་གསུམ་བཞི་ཙམ་བཞུགས་པ་འདི་ཙམ་ལགས།  

   ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་སོགས་བོད་ཀྱི་ལོ་པཎ་མང་པོས་དང་ཐོག་མ་རངས་པ་མཛད་ནས་རྩད་ཀྱང་། མཐཪ་ཁོང་གི་གསུང་ཐེག་ཆེན་ཚུལ་འཇུག་སོགས་ལ་མཇལ་བས་དད་གུས་ཆེ་ཆེར་སྐྱེས་ཏེ་བཏུད་ཅིང་སློབ་མར་གྱུར།

   རྗེ་ཉིད་ཀྱི་སློབ་མ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ། མར་པ་ཆོས་ཀྱི་དབང་ཕྱུག་སོགས་ལོ་ཙཱ་བ་བཅུ་བདུན་དང་། གཡག་རྡོ་རྗེ་འཛིན་པ་སོགས་གྲུབ་ཐོབ་ཆེན་པོ་སོ་ལྔ། སྒོམ་ཆེན་རྣལ་འབྱོར་གྱི་དབང་པོ་བརྒྱ་དང་བརྒྱད་ཅུ། ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག་སོགས་གདུགས་ཐོགས་པའི་སློབ་མ་ལྔ་བརྒྱ་བསྐྱངས་ཏེ་སྔ་འགྱུར་གྱི་བསྟན་པར་མཛད་རྗེས་རླབས་ཆེན་བཞག མཐར་དགུང་གྲངས་བརྒྱ་དང་བཅུ་དགུ་པ་རབ་བྱུང་གཉིས་པའི་ལྕགས་ལུག་སྟེ་སྤྱི་ལོ༡༠༨༨ལོར་སྐུ་གཤེགས།

阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章