• འགྱུར་ཁུག་ནག་པོའི་སྙན་ངག་ཚན་པ་གསུམ།

文摘   2024-07-01 00:26   西藏  

གོང་གི་ཡི་གེ་སྔོན་པོ་ 卡瓦坚文学平台ཞེས་པ་འདི་མནན་ནས་དོ་ཁུར་དང་བརྒྱུད་བསྐུར་གནང་རོགས།  སྤུན་ཟླ་ལགས།

     


 《 མིང་མེད། 》


སྡུག་གི་མུན་པ་རུབ་ཐེངས་རེར།
སུ་དང་གང་ལའང་སྡུག་ཡུས་མ་བྱེད།
ཆང་ཕོར་དེ་ཡར་ལ་བཏེགས་ནས།
ཡིད་མཚིམས་པ་ཅིག་འཐུངས།
དུ་བ་ཅིག་ལ་མེ་ཡིས་གསོན་ཤུགས་སྦྱིན་ནས།
དེའི་འདས་ད་མ་འོངས་ལ་མྱོང་རོལ་བྱེད།
ཡུན་རིིིང་སེམས་ཀྱིས་བསྙལ་བའི་གཞས་ཆུང་དེ།
མཚན་ངོགས་འདི་རུ་གཅིག་པུར་ལེན།

ཁེར་རྐྱང་ལ་སྐྲགས་ནས་ཅི་བྱེད།
ཐོག་མ་ཉིད་ནས་ཁེར་རྐྱང་ཡིན་ལ་མཐའ་མའང་ཁེར་རྐྱང་མ་ཡིནམ།
སུ་ཞིག་གིས་སེམས་གསོ་ཐོབ་འདོད་ཀྱི་ཧམ་པ་དེ་གཏན་དུ་བསྐྱུར།
སུ་ལའང་ཁྱེད་རང་ནན་དུ་བཀླགས་པའི་ངང་རྒྱུད་ཡོད་མ་ཡིན།
                             

༢༤/༤/༣༠  མཚན་གུང་།




《རྒྱང་རིང།》


རི་བོའི་ཕར་ལོགས་དང་།
གཙང་བོའི་ཚུར་ལོགས་དག།
གང་ལ་རྒྱང་རིང་ཞེས་འབོད་དགོས།
རྒྱང་རིང་ལ་ལེ་དབར་ག་ཙམ་གྱིས་ཆོད་ཡོད།

ལམ་ལ་ཆས་ཉིན་ནས།
རྡོ་ལས་སྲ་བའི་ཨ་ཕའི་ཨུ་འཚུགས་དེ་མཐོང་མ་མྱོང།
དེ་བས་རྒོལ་མ་མྱོང།
ཁོ་མོའི་སྦྲང་རྩི་ལྟ་བུའི་འཛུམ་ཞལ་དེ་རེག་མ་མྱོང།
དེ་བས་བརྗེད་མ་མྱོང།

ཨ་མའི་མིག་ཟུང་ལས།

ངས་མོ་རང་ལ་དབང་བའི་རྒྱང་རིང་མཐོང་མྱོང།
ཡིན་ནའང་མོ་རང་ད་ལྟ་ཡུལ་དུ་ཡོད།
སོང་བསམ་པའི་རྒྱང་རིང་དེར་སླེབས་མེད།
ཞིང་ལས་ཁྱིམ་ལས་ཀྱི་ཁོམ་གསེང་དུ།
མ་ཎི་ཡིག་དྲུག་བཟློ་བཞིན་ཡོད།

སོང་སོང་བའི་རྒྱང་རིང་དེར་སླེབས་དུས།
ངས་ཕ་ཡུལ་བོར་སོང་བ་ཤེས།
བཙལ་བཙལ་བའི་མཐའ་མར།
ངས་རང་ཉིད་སུ་ཡིན་པ་བརྗེད།

རྒྱང་རིང་།   རྒྱང་རིང་།
ཕུགས་བསམ་རྙེད་པའི་རྟ་གོན་ཡིན་ནམ།
རང་ཉིད་བོར་བའི་གོ་རིམ་ཡིན།


                   ༢༤/༥/༡༤


         

          《 སྲོད་ཀྱི་སྣང་བ་ཟ་ཟི། 》              


ས་སྲོད་འདིར།
ངས་བསིལ་རླུང་འཇམ་པོ་དེ་གདོང་གིས་བསུས་ནས།
སྣང་བ་ཡན་པོ་དེ་རླུང་ལ་བཅོལ།
ཅི་ཞིག་འཐོབ་འདོད་ཀྱི་ཧམ་སེམས་མེད་ལ།
ཅི་ཞིག་ཤོར་དོགས་ཀྱི་སེམས་འཚེགས་མེད།

གྲོང་ཁྱེར་འདིའི་མི་ཚོགས་དག།
སྔར་བཞིན་ཅི་ཞིག་ལ་བྲེལ་ནས་འདུག།
མཚམས་ལན་རེར།
སྲང་ལམ་བར་ནས་བྱིས་པ་ཁ་ཤས་ཀྱི་དགོད་སྒྲ་ཐོས་ཡོང།
དེ་དག་ལ་རྣ་བ་ནན་གྱི་གླགས་ནས་ཉན་ཚེ།
ཁྱེད་ལ་ཨ་མ་ལྟ་བུའི་དྲོད་འཁོལ་ཅིག་ངང་གི་སྦྱིན་སྲིད།

རྒྱུན་དུ་དྲན་མང་བ་ནི་ཁོ་མོ་རེད་ལ།
སྔར་ནས་བརྗེད་སྐྱེན་པའང་ཁོ་མོ་རེད།
གྲོང་ཁྱེར་གྱི་གློག་སྒྲོན་དག་ཅི་འདྲའི་གསལ་ནའང།
སེམས་ཀྱི་སྨག་རུམ་ནི་ནམ་ཡང་གསལ་ཐབས་བྲལ།
དགའ་སྐྱོ་དང་ཆགས་སྡང་གི་གོ་རིམ་མང་པོ་ཅིག་གི་ཁྲོད་ནས།
ད་གཟོད་  ངས་ཡོད་ཚད་ལ་གུ་ཡངས་ཐེངས་གཅིག་སྟེར་བ་ཡིན།
                                      

༢༤/༦/༡༧  ཉི་མ་ལ་ཁར་བཞུད་རྗེས།

卡瓦坚文学平台
སྐུ་ཉིད་ཁ་བ་ཅན་གྱི་རྩོམ་རིག་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章