ང་ཚོས་རང་ཉིད་ལ་སྟོབས་ཤུགས་ག་ཚོད་ཡོད་མེད་ཤེས་སམ།

文摘   2022-10-14 21:56  

གོང་གི་ཡི་གེ་སྔོན་པོ་ 卡瓦坚文学平台ཞེས་པ་འདི་མནན་ནས་དོ་ཁུར་དང་བརྒྱུད་བསྐུར་གནང་རོགས།  སྤུན་ཟླ་ལགས།

ཁ་བ་ཅན་གྱི་རྩོམ་རིག་དོ་ར།


ང་ཚོས་རང་ཉིད་ལ་སྟོབས་ཤུགས་ག་ཚོད་ཡོད་མེད་ཤེས་སམ།


                         •དྲེད་པོ་ཧོར།

དཀའ་སྡུག་དང་འགག་འཕྲང་མེད་པའི་ལྷིང་འཇགས་ཀྱི་ཁོར་ཡུག རང་གི་ཕ་མའི་འཁྲིས་ལྟ་བུ་ཞིག་ལ་རྟག་ཏུ་གནས་བསྡད་ན། རང་གི་སྟོབས་ཤུགས་དང་གཤོག་རྩལ་བཀོལ་སྤྱོད་མི་ཐུབ་པར་རྙིང་འགྲོ་བ་ཡིན་ལ་ཤང་འགྲོ་བ་ཡིན། དེ་ནི་དཔེར་ན་བྱ་རྒོད་གཟེབ་ཀྱི་ནང་དུ་གསོས་པ་དང་ཆ་ཡིན། བྱ་རྒོད་གཟེབ་ནང་དུ་བཅུགས་ནས་གསོས་ན་གཞན་གྱི་གནོད་པ་ཆེར་མེད་ཀྱང་། རང་གི་གནམ་འཕང་གཅོད་བྱེད་ཀྱི་གཤོག་རྩལ་ག་ཚོད་ཡོད་པ་བརྗེད་འགྲོ་བ་ཡིན་ལ། རང་ཉིད་ལ་དེ་ལྟ་བུའི་གཤོག་རྩལ་ཞིག་ཡོད་པ་ཡང་མི་ཤེས་པར་གྱུར་འགྲོ།

དེ་བས་ན་གཞན་གྱི་སྐྱབས་འོག་ཏུ་བཞའ་ནས་མི་སྡོད་པར། ངེས་པར་དུ་རང་གི་ནུས་ཤུགས་རྩ་ཕྱུང་བྱས་ནས། མཁའ་དབྱིངས་སུ་བསྐྱོད་དེ་གནམ་འཕང་གཅོད་དགོས། དཀོན་མཆོག་གིས་གནང་བ་ཡིན་ཀྱང་ཆོག ལས་ཀྱིས་གྲུབ་པ་ཡིན་ཡང་འདྲ། གང་ལྟར་འགྲོ་བ་རེ་རེ་ལ་ཐུན་མོང་མ་ཡིན་པའི་ནུས་ཤུགས་རེ་དང་ལས་སྐལ་རེ་ཡོད་པས། རང་གི་ནུས་ཤུགས་དང་ལས་སྐལ་གང་ཡིན་རྟོགས་པར་བྱས་ཏེ། རྩལ་འདོན་དང་བཀོལ་སྦྱོང་བྱེད་དགོས། བེད་མེད་དུ་བསྐྱུར་ནས་ཤ་མོང་ལྟར་རུལ་དུ་འཇུག་ནི་ག་ལ་རུང་། དེ་ནི་ཁྱོད་འཇིག་རྟེན་འདིར་ཡོང་བའི་སྙིང་དོན་དམ་འགན་འཁྲི་ངོ་མ་དེ་ཡིན།

གྲོག་དང་ཕྱ་གཡང་གིས་ཁྱོད་གང་ནས་བསྒུག་ཡོད་མེད་སུས་ཀྱང་མི་ཤེས། དཔེར་ན་ཁྱོད་འཁོར་ལྷེ་ནང་ལ་རླུངས་འཁོར་འཚོལ་དུ་སོང་བ་དང་གཅིག་ཡིན། ཁྱོད་ཁྱིམ་ནས་གདན་ཐོག་ཏུ་ཉལ་བསྡད་ན་རླངས་འཁོར་ཚུར་ཁྱོད་འཚོལ་དུ་མི་ཡོང་། འོན་ཀྱང་ཁྱོད་འཁོར་ལྷེ་ནང་ལ་བུད་དེ་རླངས་འཁོར་ཞིག་བཙལ་ན། ཁྱོད་རང་བསྐྱོད་དགོས་སའི་ཡུལ་དེ་ལ་ཁྱེར་བའི་རླངས་འཁོར་ཞིག་དང་གཏན་ཏན་འཕྲད་ངེས། རྒྱང་རིང་གི་འཇིག་རྟེན་གྱི་མཛེས་སྡུག་ལྡན་པའི་ལྟད་མོ་ལ་རོལ་འདོད་ན། ཁྱོད་ཁྱིམ་ནས་ཙོག་མི་འདུག་པར་ཡིན་གཅིག་འབད་འབུངས་བརྩོན་པ་ཡི་འཁོར་ལྷེའི་ཐང་ཆེན་ལ། ལས་ཀྱི་རླངས་འཁོར་དེ་འཚོལ་དུ་སོང་དང་། སྔར་བསམ་པའི་ཡིད་ཡུལ་ལ་ཡང་མེད་པའི་རླངས་འཁོར་དང་ཁ་ལོ་བ་ཞིག་ལ་ཐུག་ཡོང་།

འདི་ལྟར་ང་ཚོས་འགྲུལ་བཞུད་འགོ་བཙུགས་ཏེ། རྒྱང་རིང་ནས་རྒྱང་རིང་ལ་བསྐྱོད་དགོས། གཤོག་ཟུང་བརྐྱངས་ཏེ་མཁའ་དབྱིངས་ལ་ལྡིང་དགོས། གནམ་འཕང་བཅད་དེ་གོ་ལར་ལྟ་དགོས། དེ་ནས་གཟོད་ཁྱོད་ཀྱིས་རང་གི་མིག་འཕྲུལ་ལྟ་བུའི་གཤོག་རྩལ་དེ་མཐོང་ཡོང་ལ། ཡིད་ཆེས་དཀའ་བའི་རང་གི་ནུས་ཤུགས་དེ་རྟོགས་ཡོང་། དེ་ནས་དཀར་དཀར་གཅིག་པུ་མ་ཡིན་པའི་སྣ་ཚོགས་རིས་ཀྱི་ལྟད་མོ་རྣམས་ཀྱང་རིམ་བཞིན་མིག་ལམ་དུ་བཀྲ་ཡོང་བ་ཡིན། དེ་ལ་ནི་རང་གི་མི་ཚེའི་ལོ་རྒྱུས་སམ་ཟིན་ཐོ་ཟེར། དཔེ་དེབ་དང་གློག་བརྙན་སོགས་ཀྱང་བུ་རམ་ལྟ་བུའི་མངར་མོ་གཅིག་པུ་མ་ཡིན་པར། སྐྱུར་བ། ཚ་བ། ཁ་བ། སྐ་སོགས་བྲོ་བ་འདྲ་མིན་ལྡན་པ་ཞིག་ཡིན་དགོས་དུས། ང་ཚོའི་མི་ཚེའི་ཟིན་ཐོ་ཡང་རོ་དང་ཁ་དོག་གཅིག་ཁོ་ནས་གྲུབ་པ་ཞིག་ཅི་ལ་འོས།

དེ་ཕྱིར་བསྲུབ་དགོས དཀྲུག་དགོས སྤྲུག་དགོས འཕུར་དགོས། བསྐྱོད་དགོས། འདུར་དགོས འགྲོ་དགོད། དགོད་དགོས། ངུ་དགོས། འཁོན་དགོས། འགྲེ་དགོས། འཛིང་དགོས། རྒྱག་དགོས། ནུད་དགོས གོག་དགོས། གང་ལྟར་བྱེད་དགོས། བརྩོན་དགོས་སོ།། 

༢༤/༩/༢༠༢༢

ད་དུང་ཤེས་བྱ་གཞན་དག་ལ་གཟིགས་འདོད་ཚེ།  མུ་མཐུད་འཕྲིན་སྟེགས་འདིར་ཚང་མས་དོ་ཁུར་རེ་རེ་གནང་རོགས།



 སྐུ་ཉིད་ཁ་བ་ཅན་གྱི་རྩོམ་རིག་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།

欢迎您来到卡瓦坚文学平台!

 དུས་ཚོད་ཡོད་ན་གཟིགས་ཙམ་གྱིས། ། 

 ལྷག་བསམ་ལྡན་ན་རྒྱུད་བསྐུར་བྱོས། ། 

 གཞན་ཕན་བྱེད་པའི་ནུས་མེད་ཀྱང་། ། 

 དེ་ཡི་བསམ་པ་རྟག་ཏུ་འཆང། །




卡瓦坚文学平台
སྐུ་ཉིད་ཁ་བ་ཅན་གྱི་རྩོམ་རིག་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章