དྲུག་གཅིག་བྱིས་པའི་དུས་ཆེན་གྱི་དྲན་ཆར། • རིག་པའི་རྗེས་འགྲོ།

文摘   2024-05-31 14:49   西藏  

གོང་གི་ཡི་གེ་སྔོན་པོ་ 卡瓦坚文学平台ཞེས་པ་འདི་མནན་ནས་དོ་ཁུར་དང་བརྒྱུད་བསྐུར་གནང་རོགས།  སྤུན་ཟླ་ལགས།

《དྲུག་གཅིག་བྱིས་པའི་དུས་ཆེན་གྱི་དྲན་ཆར།》



  ངས་རྒྱུན་གཏན་ལྟར་གློག་ཆས་ནང་ཆུ་ཧུའུ་གང་བསྐོལ་ནས་ལག་ཏུ་དཔེ་དེབ་གཅིག་བཟུང་སྟེ་ལྟ་འགོ་ཚུགསངའི་བསམ་གཞིགས་ཀྱི་རླབས་རྒྱུན་དཔེ་ཆའི་ནང་དོན་དང་བསྟུན་ནས་ལང་ལོང་དུ་གཡོམཚམས་མཚམས་སུ་མདུན་ཅོག་སྟེང་དུ་བཞག་པའི་ཤེལ་ཕོར་ཆེན་པོ་དེའི་ནང་གི་དྲོད་འཇམ་དུ་གྱུར་བའི་ཆུ་ཁོལ་ལས་ཧུབ་གང་རེ་གང་རེ་བཏུངདེའི་ཚེ་བློ་སེམས་ལྷོད་དུ་བབས་པའི་སྣང་བ་མཚར་པོ་ཞིག་གིས་ནང་སེམས་ཀྱི་འཇིག་རྟེན་མཛེས་པར་བྱས།ཆུང་མའི་སྐུལ་འདེད་འོག་བུ་མོ་རྒན་པ་གཡུ་སྒྲོན་ག་ལེར་ཡར་ལངས་ཏེ་རང་ཉིད་ཀྱི་དགའ་ཤོས་བྱེད་པའི་གྱོན་གོས།མདང་ནུབ་ནས་གྲ་སྒྲིག་ཨང་གསར་བྱས་ཏེ་སྔས་འགོར་བཞག་ཡོད་པའི་མེ་ཏོག་དང་ཕྱེ་མ་ལེབ་ཀྱི་མཛེས་རྒྱན་གྱིས་སྤུད་པའི་སྨད་གཡོག་ཟིང་སྐྱ་དེ་དང་སྟོད་གོས་དཔེ་གསར་ཅན་དེ་ལུས་ལ་བཀླུབས་ཤིང་རྐང་པར་འཇུར་ཏ་ཡང་ལ་སྙིང་རྗེ་པོ་དེ་གྱོན་ཏེ་ཁ་ངོ་ལེགས་པར་བཀྲུསཨ་ཕ།མཛེས་བཟོ་བྱེད་དགོས་སམ།བྱེད་དགོས།མཛེས་བཟོ་མ་བྱས་ན་འཁྲབ་སྟོན་སྐབས་མཛེས་བཟོའི་སྐར་མ་མི་ཐོབ།ལགས་སོ།བུ་མོ་གཡུ་སྒྲོན་གྱིས་ལན་བཏབ་རྗེས་ཆུང་མས་གཡུ་སྒྲོན་གྱི་གདོང་ལ་མཛེས་བཟོ་ལེགས་པར་བྱས།སྐྲ་ཇི་ལྟར་བསྡམ་དགོས།ཨ་མས་དྲིས།རྐང་ཁ་ཤས་ཁ་ཤས་ལྷས་མ་བསླ་དགོས།གཡུ་སྒྲོན་གྱིས་སྐྲ་འགྱིག་ཨ་མའི་ལག་ཏུ་སྤྲད་རྗེས་ཨ་མར་རྒྱབ་བསྟན་ནས་སྐྲ་ལོ་བསླ་རྒྱུར་སྒུག ཨ་མས་ཞིབ་ཚགས་ཀྱིས་སྐྲ་ཡི་ཉག་མ་ཉུང་ཤས་རེ་ཉུང་ཤས་རེ་བྱས་ནས་ལྷས་མ་ལེགས་པར་བསླས།གཡུ་སྒྲོན།ལྟོ་ཆས་ཟ་བར་ཤོག ཨ་མས་འགོག་ཕོར་སྨུག་པོ་ཆུང་ཆུང་ཞིག་ནང་རྩམ་པ་དང་ཕྱུར་ཞིབ།བྱེ་ཞིབ།མར་ཏོག་ཙམ་བཅས་བརྒྱབ་ཏེ་འགྱིག་གི་ཐུར་མ་སྔོན་མོ་ཞིག་གིས་དང་དོད་ཀྱིས་འབོལ་ནས་གཡུ་སྒྲོན་གྱི་ལག་ཏུ་སྤྲད།གཡུ་སྒྲོན་གྱིས་ཇ་ལྡུར་གང་མགྱོགས་བལྡགས་ནས་ཁ་ཉིན་ནས་གྲ་སྒྲིག་བྱས་ཟིན་པའི་ཏན་ཞིམ་དང་ཕྱུར་བ་མངར་མོ།བྱི་རིལ།ཁམ་བུ་སོགས་བརྔན་པ་སྣ་ཚོགས་ཀྱིས་བཀང་བའི་སྨྱུག་མའི་སློ་མ་ཁེབས་གཅོད་ཐོག་གི་འགྱིག་དམར་པོའི་སྟེང་གཡུལ་དྲུང་ནག་པོ་བརྒྱབ་པ་དེ་འཁྱེར་ནས་དགའ་སྤྲོའི་ངང་སློབ་གྲྭའི་རྒྱལ་སྒོའི་ཕྱོགས་སུ་སོང་།

   སློབ་གྲྭའི་རྒྱལ་སྒོའི་ཀླད་དུ་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།ཞེས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱིས་བྲིས་པའི་ཕྲེད་དར་བཀལ་ཡོད་པ་དང་དེའི་སྟེང་དུ་ཚོས་མདོག་དམར་པོ་དང་སྔོན་མོ།སེར་པོ།ཟིང་སྐྱ།ལྗང་ཁུ་བཅས་ཀྱི་དར་ཆ་ལྔ་ལྡན་བཙུགས་ཡོད་པ་དང་དར་ཆ་དེ་དག་སྐྱི་བསིར་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་ཚུལ་ནི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་དགའ་བའི་བྲོ་གར་འཁྲབ་པ་དང་ཀུན་ནས་མཚུངས།གཡུ་སྒྲོན་སྒོ་རའི་ནང་དུ་འཛུལ་བས་སློབ་གྲོགས་ཕོ་མོ་རྒན་གཞོན་ཡོངས་གཟབ་འཆོར་ལེགས་པར་སྤྲས་ཏེ་བཞིན་ལ་དགའ་བའི་འཛམ་མདངས་དང་བཅས་དུས་ཆེན་གྱི་རྣམ་པས་རབ་ཏུ་ཕྱུག སློབ་ཕྲུག་རྣམས་འཛིན་གྲྭ་རེ་རེ་བྱས་ནས་རུ་སྟར་བསྒྲིགས་ཏེ་རང་རང་གི་ཐུན་མོང་མ་ཡིན་པའི་འབོད་སྒྲ་སྒྲོག་གིན་རྡོག་སྒྲ་བསྒྲིགས་པོས་མདུན་ཕྱོགས་སུ་སྐྱོད།དེའི་ཚེ་དེའི་དུས།ལུས་རྩལ་ཐང་ཆེན་ནི་ཚོན་མདོག་རྣམ་པར་བཀྲ་བའི་མེ་ཏོག་གི་ལྡུམ་ར་ལྟ་བུར་སྣང་།སློབ་སྤྱི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་།

ཁོང་གིས་ལོ་ཆུང་བྱིས་པ་རྣམས་ནི་མེས་རྒྱལ་གྱི་མེ་ཏོག་དང་མ་འོངས་པའི་རེ་བ།འབྱུང་འགྱུར་གྱི་བདག་པོ་བཅས་ཡིན་པས་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཁོང་ཅག་གང་དགའ་གང་སྐྱིད་ཡོང་བ་དང་དུས་དང་རྣམ་པ་ཀུན་དུ་གཟུགས་གཞི་པད་མའི་སྡོང་པོར་ནག་ནོག་སད་དང་སེར་བས་འཚེ་བ་མེདཔ་དང་ཤེས་རིག་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བལུས་བདེ་སེམས་སྐྱིད་ངངའཚར་ལོངས་ཡོང་བའི་སྨོན་པ་བཟང་པོ་བཏབ།

  ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་ཤུལ་འཛིན་མཁན་ཡིན་ཅེས་པའི་རྔམ་བརྗིད་ལྡན་པའི་གླུ་དབྱངས་ཀྱི་འགྱུར་ཁུག་ཁྲོད་སློབ་སྦྱོང་སྦྱངས་འབྲས་ཨང་དང་པོ་དང་གཉིས་པ།གསུམ་པ་བཅས་ཀྱི་ཕུལ་བྱུང་སློབ་མ་དང་བཟང་པོ་གསུམ་ལྡན་གྱི་སློབ་མ།སྦྱངས་འབྲས་ཡར་ཐོན་ཤུགས་ཆེན་ཕྱིན་པའི་སློབ་མ་སོགས་ལ་བྱ་དགའ་བསྩལ་གནང་བ་དང་དཀར་གཙང་གི་མགུལ་དར་སྒྲོན།དེ་རིང་གི་འབྲས་བུ་དེ་ནི་ཁོ་ཚོར་ལས་སླ་པོར་ཐོབ་པ་ཞིག་རྩ་བ་ནས་མ་ཡིན་པར་ཁོ་ཚོས་རྒྱུན་གཏན་ནས་ཞོགས་སྔ་ལང་དང་དགོང་ཕྱི་ཉལ་གྱི་འབད་བརྩོན་བྱས་པའི་འབྲས་བུ་ཉག་ཅིག་ཡིན་པ་སྨོས་མེད་ལགས་ན། སྙིང་གི་ནོར་བུ་ཁྱོད་དང་ཁྱོད་འདྲ་བའི་ལོ་ཆུང་བྱིས་པ་རྣམས་ཀྱིས་རྩྭ་རྩི་ཤིང་ཡོད་དོ་ཅོག་ལ་ཚེ་སྲོག་གི་གསོན་ཤུགས་ལྷག་པར་རྒྱས་ཏེ་ཕྱོགས་ཡོངས་ནས་མྱུ་གུ་འབུས་བཞིན་པའི་དཔྱིད་དུས་ཀྱི་སྙིང་སྟོབས་ལ་མི་སློབ་པ་ཅི། ས་པན་གྱི་གསུང་ལས།རིག་པ་གཞོན་པའི་དུས་ན་སློབ།བ་ནི་དགུན་གྱི་དུས་སུ་གསོ།ཞིང་ནི་དྲོད་གཤེར་ལྡན་ཚེ་རྨོ།དེ་གསུམ་འབྲས་བུ་སྨིན་པའི་རྒྱུ།ཞེས་གསུངས་པ་ལྟར་ཁྱོད་ཀྱིས་རིན་བྲལ་ན་ཆུང་གི་ལང་ཚོ་རྣམ་གཡེང་གི་ཀློང་ནས་མ་རླགས་པར་ཤེས་རིག་གི་འབྱམས་ཀླས་རྒྱ་མཚོར་བརྩོན་འགྲུས་ཀྱི་གྲུ་ཆུང་བར་མེད་བཏང་སྟེ་ཤེས་ཡོན་དགོས་འདོད་ནོར་བུ་ལེན་པར་འབུངས་དགོས།

  ཀི་ཀི་སོ་སོ།ལྷ་རྒྱལ་ལོ།ལྷ་རྒྱལ་ལོ་ཟེར་བའི་རྟེན་འབྲེལ་གཅིག ཀླུ་རྒྱལ་ལོ་ཟེར་བའི་རྟེན་འབྲེལ་གཅིག དེ་རིང་གནམ་ལ་སྐར་མ་བཟང་བའི་རྟེན་འབྲེལ་གཅིག ས་ལ་དུས་ཚོད་བཟང་བའི་རྟེན་འབྲེལ་གཅིག གཟའ་སྐར་ཚེས་གྲངས་བཟང་བའི་རྟེན་འབྲེལ་གཅིག་ཞུས་པས་སླ་ཧ་ཧ།དེ་རིང་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་བཀྲ་ཤིས་པའི་ཉིན་མོ།དོན་སྒྲུབ་པའི་ཉིན་མོ།ཕུན་སུམ་ཚོགས་པའི་ཉིན་མོ་འདིར་འབྲས་དཀར་པོ་བསམ་པའི་དོན་གྲུབ་བདག་གིས་རྒན་རྒོན་སྐུ་ཚེ་རིང་བའི་བཀྲ་ཤིས་ཤོག གཞོན་ནུ་ལང་ཚོ་དར་བའི་བཀྲ་ཤིས་ཤོག བྱིས་པ་བློ་རིག་བཀྲ་བའི་བཀྲ་ཤིས་ཤོག་ཅེས་པའི་འབྲས་དཀར་བསམ་པའི་དོན་གྲུབ་ཀྱི་བཀྲ་ཤིས་པའི་འབྲས་བཤད་ཀྱིས་བསྔུན་བསུས་ཏེ་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་གྱི་དབུ་ཚུགས།གཟབ་འཆོར་ལེགས་པར་སྤྲས་པའི་གཙོ་སྐྱོང་པ་ཆུང་ཆུང་ཕོ་མོ་གཉིས་ཀྱིས་སྙན་འཇེབས་ལྡན་པའི་འཁྲབ་ཚིག་གིས་འཁྲབ་སྟོན་གྱི་ལིའུ་རེ་རེ་བཞིན་གསལ་འགྲེལ་བྱས།འཁྲབ་སྟོན་ཐོག་འཁྲུག་ཆ་དོད་པའི་སྒྲ་སྙན་ཞབས་བྲོ་ཡོད་ལ།འགྱུར་ཁུག་སྙན་པའི་བྱང་ཐང་སྐོར་བྲོ་ཡང་མཆིས།དགོད་དྲོ་ལ་གནས་ལུགས་ཟབ་པའི་གཏམ་བརྗོད་ཟློས་གར་ཡོད་ལ།སྙན་འཇེབས་ཡིད་དབང་འཕྲོག་པའི་དེང་དུས་ཞབས་བྲོ་ཡང་མཆིས།རྣ་བར་སྙན་ཞིང་ཡིད་ཀྱི་དགའ་སྟོན་དུ་གྱུར་བའི་འཁྲབ་སྟོན་དེ་དག་ནི་འདྲེན་བྱེད་ཟུང་གི་ལོངས་སྤྱོད་དཔེ་མ་ཞིག་ཅི་ལ་མིན།

  དེ་རིང་།རྒན་ལགས་རྣམས་ནི་ཞོགས་པ་ཆུ་ཚོད་དྲུག་པ་ཙམ་ནས་ཡར་བཞེངས་ཏེ་སློབ་ཕྲུག་ཚོ་སྤྲོ་སྣང་ལྡན་པའི་དུས་ཆེན་ཞིག་གཏོང་ཐུབ་ཆེད་ཁོང་རྣམས་ཀྱིས་དྲུག་གཅིག་གླིང་ཁའི་སྦྲ་གུར་ཕུབ་རྒྱུ་དང་ཚོགས་ར་གསར་བཟོ་བྱ་རྒྱུ།བྱ་དགའི་དངོས་པོ་གྲ་སྒྲིག་དང་འཁྲབ་ཚན་ཁག་བཀོད་སྒྲིག་གནང་རྒྱུ་སོགས་ཉིན་གང་པོར་དལ་བ་མེད་པའི་ཕྱག་ལས་ཆུ་རྒྱུན་བཞིན་གཅིག་མཇུག་གཅིག་གིས་མཐུད།རེད་ཨང་།ཁོང་ཚོ་ནི་མི་རིགས་དང་མེས་རྒྱལ་གྱི་ཕུགས་འདུན་མངོན་དུ་འགྱུར་བར་བྱེད་མཁན་གྱི་མིའི་རིགས་ཀྱི་རྣམ་ཤེས་སྐྲུན་མཁན་གྱི་རླབས་ཆེན་བཟོ་བཀོད་པ་ཞིག་ལགས་ན་ཁོང་རྣམས་ཀྱི་འོས་འགན་ལོས་ཀྱང་ལྕི།

  ཕ་མ་རྣམས་ནི་བུང་བ་མེ་ཏོག་གི་བཅུད་ལ་འཁོར་བ་བཞིན་འདུས་ཏེ་དབྱར་སྐྱིད་གླིང་གར་བཟའ་བཏུང་གི་སྟོན་མོ་རྒྱས་པར་བཤམས་ནས་གཞས་ཀྱི་སྒོ་མོ་ཕྱེ།བྲོ་ཡི་རྡོག་གྲ་བསྒྲིགས།ཇ་ཆང་ཟས་རིགས་ཀྱི་བདུད་རྩིར་ལོངས་སུ་སྤྱོད།

གཅེས་ཕྲུག་ཚོ། ཕྱིས་འབྱུང་རང་གི་གཅེས་སུ་འོས་པའི་ཕ་ཡུལ་དང་རླབས་ཆེན་མེས་རྒྱལ་འཛུགས་སྐྲུན་བྱེད་པའི་འགངས་ཆེ་ལ་རླབས་པོ་ཆེའི་བྱ་གཞག་གི་འགན་ཁྲི་ཁྱོད་ཀྱི་ཕྲག་པར་བབས་ཡོད་པས། 

  ཁྱོད་ཚོས་དུས་དང་རྣམ་པ་ཀུན་དུ་འཁྱུག་དབྱིངས་དང་བརྙན་ཐུང་དེ་བཞིན་དོན་མེད་ཀྱི་གྲོགས་དང་ཆོ་མེད་ཀྱི་ལས་ལ་མགོ་འཁོར་ནས་བཀའ་དྲིན་གྱི་བདག་ཉིད་ཅན་ཕ་མ་ཟུང་དང་བཤེས་གཉེན་བཟང་པོའི་བཀའ་སློབ་ཀྱི་བདུད་རྩི་རྣ་རྒྱབ་ཀྱི་རླུང་ལ་སྐུར་ནས་རིན་བྲལ་གྱི་ལང་ཚོ་བྱུང་རྒྱལ་དུ་མ་བསྐྱལ་བར་ཤེས་བྱ་རིག་པའི་གནས་ལ་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་འབད་བརྩོན་བགྱིས་ཏེ་སྣེ་མང་ཤེས་རིག་གི་མཛེས་བརྒྱནལུས་ལ་སྤྲས་ཏེ་དགའ་བའི་ཕ་ཡུལ་དང་མཛེས་པའི་མེས་རྒྱལ་གྱི་མ་འོངས་དེ་བས་མཛེས་སྡུག་ལྡན་པར་སྐྲུན་ཕྱིར་རང་ནུས་ཡོད་རྒུས་འབད་འཐབ་བྱ་དགོས།

卡瓦坚文学平台
སྐུ་ཉིད་ཁ་བ་ཅན་གྱི་རྩོམ་རིག་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章