བོད་སྐད་ཡིག་གི་བརྡ་ཆད་གཅིག་གྱུར་བཟོ་བའི་ཚོགས་འདུ་འཚོགས་འདུག

文摘   2024-07-04 18:53   西藏  

གོང་གི་ཡི་གེ་སྔོན་པོ་ 卡瓦坚文学平台ཞེས་པ་འདི་མནན་ནས་དོ་ཁུར་དང་བརྒྱུད་བསྐུར་གནང་རོགས། སྤུན་ཟླ་ལགས།


ཟླ་7ཚེས་3ཉིན།  ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་སྒྲུབ་འགན་འཁུར་བའི་2024ལོའི་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་གྱི་ཚོགས་འདུ་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་དུ་འཚོགས་པ་རེད། པེ་ཅིང་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ནས་ཕེབས་པའི་མཁས་དབང་29ཚོགས་འདུར་ཞུགས་ཏེ། ལོ་གཅིག་རིང་གི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཡིག་ཆ་དང་།  ཏང་སྲིད་ཚད་ལྡན་ཡིག་ཆ། ཁྲིམས་ལུགས་ཁྲིམས་སྲོལ་གལ་ཆེན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ཡིག་ཆ་དང་། དེ་བཞིན་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་ནང་ཐོན་པའི་བརྡ་ཆད་གསར་པ་200ཙམ་ལ་གཅིག་སྡུད་ཐོག་གཅིག་གྱུར་བཟོས་པ་རེད།


ཚོགས་འདུའི་ཐོག་ནན་བཤད་གནང་དོན། བརྡ་ཆད་གསར་པའི་ཡིག་སྒྱུར་ཚད་ལྡན་ཡོང་བར་བྱེད་པའི་ལས་དོན་ནི་མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་ཁྲོད་ཆེས་རྩ་བར་གྱུར་པའི་ལས་དོན་ཞིག་ཡིན་ཞིང་།  གང་དེར་ཆབ་སྲིད་ཀྱི་རང་བཞིན་དང་། སྲིད་ཇུས་ཀྱི་རང་བཞིན་ཤུགས་ཆེན་ལྡན་པ་དང་། མི་རིགས་སྐད་ཡིག་སྦྱོང་སྤྱོད་ཡང་དག་བྱེད་པ་དང་འབྲེལ་བ་ཡོད་པ་མ་ཟད། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་གོ་བ་ཡང་དག་ལེན་པ་དང་ཡང་འབྲེལ་བ་ཟབ་མོ་ཡོད་ལ། མི་རིགས་ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་གསུམ་དང་། སྤྱི་ཚོགས། སློབ་གསོ་བཅས་གོང་འཕེལ་གཏོང་བའི་དོན་དངོས་ཀྱི་དགོས་མཁོ་ཞིག་ཀྱང་རེད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གཅིག་ནས་བརྡ་ཆད་གཅིག་གྱུར་གྱི་ཆབ་སྲིད་ཀྱི་འགག་སྒོར་དམ་འཛིན་ནན་པོ་བྱེད་དགོས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ།  ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་དང་རྒྱལ་ཡོངས་སྐད་ཡིག་ལས་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་ཐིག་རྒྱུན་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་སྐད་ཡིག་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་དག་བརྡ་ཆད་གཅིག་གྱུར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱས་ཐོག་ཚིག་རིགས་གཅིག་གྱུར་གྱི་ཆབ་སྲིད་དང་འདུ་ཤེས་འཛིན་སྟངས་ལ་དམ་འཛིན་ནན་པོ་བྱེད་དགོས། 


གཉིས་ནས།  བརྡ་ཆད་གཅིག་གྱུར་ལས་དོན་གྱི་རྩ་དོན་དང་བླང་བྱ་ནན་པོ་སྲུང་དགོས། ཡིག་སྒྱུར་གྱི་རྩ་བའི་རྩ་དོན་དང་སྤྱིའི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་དང་། མ་ཡིག་གི་བརྗོད་དོན་ལ་གང་ལེགས་བསྟུན་པ། རྒྱུན་འཇགས་མིང་ཚིག་དང་དུས་བསྟུན་འཕེལ་རྒྱས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། རིགས་དབྱེའི་མཛུབ་ཁྲིད་དང་མཐུན་སྦྱོར་གཅིག་གྱུར་གྱིས་བརྡ་ཆད་གཅིག་གྱུར་ཚད་ལྡན་ཡོང་བར་འགན་ལེན་བྱ་དགོས།  

གསུམ་ནས།  སྐད་ཡིག་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་། སྔོག་འདོན་དང་། གསར་གཏོད། གཡར་བ་བཅས་གསུམ་གྱི་སྒྱུར་ཐབས་གཞིར་བཟུང་ནས། རང་སྐད་ཀྱི་སྔར་ཡོད་མིང་ཚིག་དང་དམིགས་བསལ་བརྗོད་ཐབས་སྔོག་འདོན་གང་ལེགས་བྱས་ཏེ། དོན་ལ་འཕྱུག་པ་མེད་པ་དང་། ཁ་སྐད་དང་རིག་གཞུང་། རིག་གནས་བཅས་ཀྱི་རིན་ཐང་གཅིག་གྱུར་ཡོང་བ་བྱས་ཏེ། བརྡ་ཆད་གཅིག་གྱུར་གྱི་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཡོང་བ་བྱེད་དགོས།  


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


 སྐུ་ཉིད་ཁ་བ་ཅན་གྱི་རྩོམ་རིག་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།

欢迎您来到卡瓦坚文学平台!

 དུས་ཚོད་ཡོད་ན་གཟིགས་ཙམ་གྱིས། ། 

 ལྷག་བསམ་ལྡན་ན་རྒྱུད་བསྐུར་བྱོས། ། 

 གཞན་ཕན་བྱེད་པའི་ནུས་མེད་ཀྱང་། ། 

 དེ་ཡི་བསམ་པ་རྟག་ཏུ་འཆང་། །

ངེད་རྩོམ་རིག་སྤྱི་སྟེགས་ལ་རྒྱབ་སྐྱོར་གྱི་ཆེད་དུ་ཀློག་པ་པོས་གཤམ་ནས་དགའ་རྟགས་རེ་རེ་ཡིན་ཆེས་གནང་རོགས།


卡瓦坚文学平台
སྐུ་ཉིད་ཁ་བ་ཅན་གྱི་རྩོམ་རིག་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章