འགྲིམ་འགྲུལ་ཉེན་རྟོག་པ་ཞིག་གི་སེམས་སྒྲ།
(བསང་ཆུ) ཨ་ཉི་ལྷ་དགའ།
དུས་ཚོད་ནི་བྱ་འཕུར་བ་ལྟར་མགྱོགས་པ་ལའང་། ང་རང་འགྲིམ་འགྲུལ་ཉེན་རྟོག་པའི་ལས་གནས་སུ་ཞུགས་ནས་ལོ་ངོ་དྲུག་འགོར་འདུག ཆར་རླུང་དང་བསྡོངས་པའི་ལོ་ངོ་དྲུག་ལ་ངོམ་ཆོག་ཆོག་གི་གྲུབ་འབྲས་སྟོན་རྒྱུ་མེད་པ་འདྲ་ཡང་། ཞིབ་འདང་རེ་བརྒྱབ་ན། དེ་ལས་ལྷག་པ་ཞིག་མེད་པར་སེམས།
འཛིན་ཡིག་མེད་པའམ་འགྲོས་ཚད་མགྱོགས་པ། གློག་དམར་བརྒལ་བ། ཆང་འཐུངས་རྗེས་རླངས་འཁོར་བསྐོར་བ་སོགས་ཁྲིམས་འགལ་བྱ་སྤྱོད་ལས་བཟོས་པའི་དོན་རྐྱེན་རེ་རེའི་ཁྲོད་དུ་ཁྲག་གིས་བརྫིས་པའི་རྨས་མ་དང་འོ་དོད་འབོད་པའི་ཕ་མ་བུ་ཕྲུགICUསྒོ་འགྲམ་དུ་འུ་ཐུག་པའི་བཟའ་མི་དང་ལྷན་དུ་རྨས་མའི་གནས་ཚུལ་ལ་སྒུག་ཐེངས་རེར་ང་ལ་བཟོད་ཐབས་བྲལ་བའི་བྲེད་ཤ་ཞིག་ག་ཤེད་ཅིག་ནས་སྐྱེས་ཡོང་།
“སྤྱི་ལེ་བཅུ་ཡས་མས་སུ་ཟོང་འདྲེན་རླངས་འཁོར་ཞིག་བསྡད་འདུག འདུག་སྟེགས་སུ་མི་ཞིག་གཉིད་འདུག་པའམ་གང་ཡིན་ཆ་མི་འཚལ། ང་གམ་དུ་འགྲོ་མ་ཕོད”གཟའ་ཉི་མའི་ཕྱི་དྲོ་དེར་ང་ཚོས་ལམ་ནང་གི་བྱ་བ་རྫོགས་ཏེ་འགྲོ་གྲབས་བྱེད་སྐབས་སུ་རེས་འཁོར་ཁ་ལོ་པ་ཞིག་གིས་ལམ་འགྲམ་ནས་དེ་ལྟར་བཤད། དེ་མ་ཐག་ཏུ་རུ་དཔོན་གྱིས་ང་དང་ལས་གྲོགས་གཉིས་ཁྲིད་ནས་ཡུལ་དངོས་སུ་མདའ་འཕངས་པ་ལྟར་བརྒྱུགས་པ་ཡིན།
“ཝེ། ཝེ”རླངས་འཁོར་གྱི་སྒོ་བརྡུངས་པ་ན་ཁ་ལོ་པ་དེ་གྲོག་མ་ཞིག་ལྟར་འགུལ་ཙམ་གྱིས་མགོ་ཡར་བཀྱགས་བྱུང་། གནས་ཚུལ་དྲིས་པ་ན། “རླངས་སྣུམ་འཁྱགས་པས་བསྡམས་སོང་བས་རླངས་འཁོར་གྱི་མེ་ཁ་གསོ་མ་ཐུབ། ལམ་འགྲོ་བར་ལག་པ་གཡུགས་ཀྱང་ཁ་ཡ་བྱེད་མཁན་མེད་སྟབས་ས་སྟོང་འདི་ནས་དགོང་མོ་ཕྱི་རུ་འབུད་རྒྱུ་དེའང་སྐྲག་སྣང་ཆེ་བ་ཞིག་རེད། ཕྱི་ཉིན་རླངས་འཁོར་ཞིག་གསོ་ཁང་ཞིག་ལ་ཁ་པར་བཏང་སྟེ་རོགས་སྐྱོར་བྱ་རྒྱུར་བསྒུགས་ཀྱང་ཡོང་རྒྱུ་མེད་པའི་ཁར་ཁ་པར་གྱི་གློག་ཀྱང་ཚར་བས་ཟས་ཁམ་གང་མ་ཟས་པར་ཉིན་ཞག་གཉིས་ལ་ལུས་སོང”ཞེས་བོར་སྟོར་བྱུང་བའི་བྱིས་པ་ཞིག་གློ་བུར་གཉེན་ཉེར་འཕྲད་པ་ལྟ་བུའི་ཉམས་སྣང་གིས་ལབ་བྱུང་། རུ་དཔོན་གྱིས་རླངས་འཁོར་གྱི་སྔ་གཞུག་ཏུ་སྐོར་བ་ལན་འགའ་རྒྱག་བཞིན། “ཁ་ལོ་བ་ཞིག་ལ་མཚོན་ན་སྔོན་ནས་གྲ་སྒྲིག་ཡོད་ཅིང་གནད་འགག་གི་སྐབས་སུ་རང་སྐྱོབ་བྱེད་ཤེས་དགོས། 110དང122ལ་ཁ་པར་བཏང་ན་མི་ཆོག་གམ། འདི་ནི་ཁ་ལོ་པ་ཞིག་གི་མ་མཐའི་རྒྱུན་ཤེས་རེད”ཅེས་བཤད་ཞོར་དུ་ཕྱོགས་ཡར་མར་ལ་ཁ་པར་བརྒྱབ་རྗེས་འདྲུད་འཐེན་རོགས་སྐྱོར་རླངས་འཁོར་ཞིག་བོས་བྱུང་། མི་མང་ལག་པ་གསེར་ཡིན་ཞེས་པ་ལྟར་ང་ཚོས་ལམ་འགྲམ་ནས་རླངས་འཁོར་བཀག་ཅིང་ཚང་མས་རོགས་རམ་བྱས་རྗེས་ལམ་དུ་བཅུག
ཕྱི་ལོར་ང་རང་ལས་ཁུངས་ཀྱི་བཅའ་ཁྲིམས་དྲིལ་སྒྲོག་སྡེ་ཁག་ཏུ་ལས་གནས་བརྗེས་པས། ཤེས་བྱའི་རྒྱགས་ཕྱེ་གྲ་སྒྲིག་དང་ལོ་ཙྭ་བྱེད་པ། སློབ་གྲྭ་དང་གྲོང་སྡེ། ཐ་ན་ཁྱིམ་ཚང་རེ་རེའི་སྒོ་ཁར་ཉུལ་ཏེ་འགྲིམ་འགྲུལ་བདེ་འཇགས་ཀྱི་རྒྱུན་ཤེས་ཁྱབ་གདལ་དུ་གཏོང་བའི་བགྱི་བ་ཕྲག་ཏུ་ཁུར།
“རླངས་འཁོར་འཛིན་ཡིག་སྟེར་རམ”“པར་བླངས་རྗེས་བུད་སོང་ན་ཨེ་ཆོག”སྐད་ཆ་དེ་དག་རེ་ཞིག་རྣ་རྒྱབ་ཏུ་བཞག་རྗེས། ངས《འགྲིམ་འགྲུལ་བདེ་འཇགས་མཛེས་པའི་ཞིང་སྡེར་སྐྱོད་པ》ཞེས་པའི་བྱེད་སྒོའི་མགོ་བརྩམས། “གལ་ཏེ་རྨོག་ཞྭ་གྱོན་ཡོད་ཚེ”“གལ་ཏེ་སྲུང་ཐག་ཆིངས་ཡོད་ཚེ”“གལ་ཏེ……”“སེམས་ཆུང་བྱོས། ལམ་དུ་ཚེར་མ་ཡོད་ཀི”“ཁོ་ཚོས་རླངས་འཁོར་འགོག་རྒྱུ་དང་ཆད་པ་གཅོད་རྒྱུ་མ་གཏོགས་ཅི་ཞིག་ཤེས”རྒྱབ་སྐྱོར་གྱིས་དབུལ་བའི་སྐད་ཆ་དེ་དག་ཐོས་ཡོང་དུས། ང་རང་ཅི་བྱ་གཏོལ་བྲལ་གྱི་དྲི་བ་མང་པོས་མཐའ་ནས་རུབ་ཡོང་། རུ་དཔོན་གྱིས་ང་ལ“ལས་རིགས་འདི་བདམས་པ་ནས་བཟུང་འགན་འཁྲི་ཞིག་ཕྲག་ཏུ་བླངས་པ་ཡིན”ཟེར། ཡང་རྒད་པོ་ཞིག་གིས“སྤྱི་ཚོགས་འདིར་ཁྱོད་ཚོ་མེད་མི་རུང་། ཁྱོད་ཚོ་མེད་ན་གཞུང་ལམ་ཁྲག་གིས་གང་རྒྱུ་རེད། ཐ་ན་བྱིས་པ་སློབ་གྲྭར་བསྐྱལ་རྒྱུའང་ཁག་པོ་རེད”སྐད་ཆ་དེ་དག་དྲན་པའི་རྩིག་ངོས་སུ་གསལ་ཡོང་དུས། ང་ལ་སྤོབས་སེམས་དང་ཡིད་ཆེས་ཀྱིས་ཁེངས་ཡོང་།ལོ་ངོ་དྲུག་གི་རིང་ལ། ངས་སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མིན་པའི་ལས་ཀར་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། དུས་གཏན་ཏུ་ལས་གནས་བརྟན་སྲུང་དང་ཆོད་སེམས་ཀྱི་སྙིང་ཕུར་རྡེབ་བཞིན་ཡོད་དོ། །
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།