བློ་མཐུན་ཞི་ཅིན་ཕིང་གི《དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གླེང་བ》ཞེས་པ་པར་འགྲེམས་བྱས།
ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི《དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གླེང་བ》ཞེས་པའི་དཔེ་དེབ་ཉེ་ལམ་ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་བཀྲམ།
ཆེད་དོན་རྩོམ་ཡིག་གཅེས་བཏུས་འདིའི་ནང་བློ་མཐུན་ཞི་ཅིན་ཕིང་གི་དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ཟིན་བྲིས་གལ་ཆེན37བསྡུས་ཡོད་ཅིང་། དེའི་ནང་གི་ཟིན་བྲིས་ཁག་ཅིག་ནི་ཐོག་དང་པོར་ཡོངས་བསྒྲགས་བྱས་པ་རེད།
དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཡིན་པ་དང་། ཀྲུང་གོའི་ས་གཞི་ཆེན་པོའི་སྟེང་འཕེལ་རྒྱས་བྱུང་བའི་ཆབ་སྲིད་ལམ་ལུགས་གསར་པ་ཞིག་ཡིན་ལ། མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེན་གྱི་གསར་གཏོད་ཅིག་ཀྱང་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་གནས་བབ་གསར་པར་གཞི་ཚུགས་ཏེ། ཏང་གིས་དམངས་འཐུས་ཚོགས་ཆེན་གྱི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་ཧུར་ཐག་གིས་སྐུལ་འདེད་གཏོང་བ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། དུས་བསྟུན་མདུན་སྐྱོད་ཀྱིས་རྩ་ཁྲིམས་བཟོ་བཅོས་བྱེད་པ། ཏང་གི་ལོ་རྒྱུས་ཐོག་གི་ཀྲུང་དབྱང་དམངས་འཐུས་ཚོགས་ཆེན་ལས་དོན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་པ། དམངས་འཐུས་ཚོགས་ཆེན་གྱི་རྩ་འཛུགས་ལམ་ལུགས་དང་བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། དམངས་འཐུས་ཚོགས་ཆེན་གྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སྲ་བརྟན་དུ་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ལག་ལེན་གྱི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡོམས། དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་རྒྱུན་མཐུད་ངང་སྐུལ་སྤེལ། འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། བླང་བྱ་གསར་པ་རབ་དང་རིམ་པ་འདོན་པ་བཅས་མཛད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཐུས་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་པ་དང་། དུས་རབས་གསར་པའི་སྐྱོད་ལམ་གསར་པ་རྒྱུན་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
རྩོམ་སྒྲིག་པ། ལྷ་མོ་འཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།