རྨ་གཡང་རྟགས་མའི་ལྷུག་རྩོམ་འགྲན་སྡུར་ཁྲོད་ཨང་གཉིས་པ་ཐོབ་པའི་རྩོམ།

文摘   2024-12-05 12:02   青海  





དོན་རྐྱེན་ལས་འཕྲད་པའི་བློས་བསླངས།

(གཅན་ཚ) དཀར་ལུང་པདྨ་རྡོ་རྗེ།

   ལོ་ཟླ་ནི་གཙང་པོ་བཞིན་ལྡོག་མེད་ངང་མདུན་དུ་སྐྱོད་བཞིན་འདུག་ལ། མི་ཚེའི་དགའ་སྡུག་སྐྱོ་གསུམ་གྱི་འཚོ་བའི་མངར་ཁ་ཡང་ལོ་ཟླའི་འཕེལ་འགྱུར་དང་བསྟུན་ནས་ང་ཚོ་དང་མཉམ་དུ་གནས་ཡོད། ནམ་རྒྱུན་སྔ་མོར་མལ་ལས་ལངས་ཏེ་མེ་ལོང་དང་ཁ་གཏད་དེ་ཁ་ལག་བཀྲུ་ཐེངས་རེར་ངའི་ཡིད་ལ་དབང་མེད་དུ་འཆར་ཡོང་བ་ནི་མི་ལོ་ཉི་ཤུའི་ཡར་སྔོན་གྱི་འདས་དོན་དེ་རེད།  ལོ་དེར་ང་རང་ལོ་ན་ཉི་ཤུ་ལ་སོན་ཡོད་ཅིང་། འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན་ཏེ་གྲོང་སྡེ་ཞིག་ཏུ་དགེ་རྒན་གྱི་ལས་ཀར་ཞུགས་མ་ཐག་ཡིན། ཨ་མས་ངའི་འགྲོ་འདུག་ལ་སྟབས་བདེ་བཟོ་ཆེད་རང་ཁྱིམ་གྱི་གསོག་དངུལ་ཡོད་ཚད་བཏོན་ནས་ང་ལ་འཕྲུལ་རྟ་ཞིག་ཉོས་པར་སྤྲོ་སྣང་སུས་ཀྱང་གནོན་མི་ཐུབ་པར་ཁ་ཕྱོགས་མེད་པར་ཡར་མར་ཀུན་ལ་རྒྱུག་པ་ཡིན། ཉིན་ཞིག་གི་ཕྱི་དྲོར་སློབ་གྲྭར་གནང་བ་བཏང་བས་ང་རང་འཕྲུལ་རྟར་ཞོན་ཏེ་རྫོང་མཁར་དུ་ཆས་པ་ཡིན་ལ། སྟོན་མཇུག་གི་རླུང་བུ་དང་བསྡོངས་ནས་རི་འདབས་ཀྱི་ཀྱག་ཀྱོག་གི་ལམ་བུར་སྣུམ་ཤུགས་ཤེད་ཀྱིས་མནན་ཏེ་གང་མྱུར་གྱིས་ཐོན་པར་འབད་པ་ཡིན།དུས་ཡུན་ག་ཙམ་ཞིག་འགོར་བ་མ་ཤེས་མོད། རྨི་ལམ་གྱི་ཞིང་ཁམས་ཤིག་ཏུ་ཨ་མས་ངུ་སྐད་ལྷང་ལྷང་གིས་ངའི་མིང་ནས་འབོད་བཞིན་འདུག་ལ། རེས་གསལ་རེས་མོག་གི་ཚོར་བ་དང་མཉམ་དུ་ངའི་མིག་ལམ་དུ་ངང་གིས་ཤར་ཡོང་བ་ནི་གོས་དཀར་གྱོན་པའི་མི་ཞིག་གིས་ངའི་མ་ནེའི་འོག་ཏུ་ཡང་ཡང་སྣོག་གིན་འདུག་ཅིང་། ཉེ་མི་མང་པོ་ཞིག་ཀྱང་རུབ་འདུག་པས་ངས་གཞི་ནས་རང་ཉིད་ལ་འཕྲུལ་རྟའི་དོན་རྐྱེུན་བྱུང་བ་རྟོགས། ཨ་མས་ང་སད་པ་ཤེས་ནས་ངུ་སྐད་ཇེ་ཆེར་ཕྱིན་ཏེ“གཅེས་ཕྲུག ཁྱོད་ལ་དོན་དག་རེ་བྱུང་ཚེ་ཅི་ཞིག་བྱ། ཁྱོད་ཡུན་རིང་ཞིག་ལ་སད་མ་བྱུང”ཟེར། ངས་ཇི་ལྟར་ཕྱིར་དྲན་བྱས་ཀྱང་རང་ཉིད་ལ་དོན་རྐྱེན་བྱུང་བའི་བརྒྱུད་རིམ་ཁ་ཚང་ཞིག་བཤད་རྒྱུ་མ་བྱུང་། རྗེས་སུ་འགྲིམ་འགྲུལ་ཉེན་རྟོགས་པས་བཤད་པ་ལྟར་ན། དོན་རྐྱེན་བྱུང་སའི་དཀྱོགས་མཚམས་དེར་རླངས་འཁོར་ཞིག་ངའི་ལམ་ནང་དུ་ཡོང་བ་དང་། ང་དངངས་འཚབ་ཆེན་པོ་སྐྱེས་ནས་ཕ་རོལ་པའི་ལམ་དུ་དཀྱོགས་པ་ན། ཕ་རོལ་པོས་ཀྱང་ཕྱིར་རང་གི་ལམ་ནང་དུ་བསྐོར་མ་ཐག་ཐད་ཀར་ངའི་འཕྲུལ་རྟར་ཐོད་གཏུགས་ནས་འགྲིམ་འགྲུལ་གྱི་ཆག་སྒོ་འདི་བྱུང་བ་ཡིན་ལ། ཕ་རོལ་པོར་རླངས་འཁོར་བསྐོར་ཆོག་པའི་དཔང་ཡིག་ཀྱང་མི་འདུག་པས་ཕྱོགས་གཉིས་ཀར་འགན་ཁུར་འདུག་ཟེར། སྨན་ཁང་དུ་དུས་ཡུན་ཉིན་ཤས་རིང་གི་སྨན་བཅོས་བྱས་པ་བརྒྱུད་ནས་གཞི་ནས་སངས་དྲག་བྱུང་མོད། ཡིན་ན་ཡང་ངའི་མ་ནེ་འོག་གི་རྨ་ཤུལ་དེ་ད་དུང་ཡང་གསལ་པོར་གནས་ཡོད།  ལོ་ཟླས་དེད་པའི་རླུང་ཁ་ན་མི་སུ་ལའང་གཞོན་དུས་ཁོ་ནར་དབང་བ་ཞིག་ཡོད་མི་སྲིད་དེ། ད་ལྟ་ང་ཡང་མི་ལོ་བཞི་བཅུའི་ཐེམ་སྐས་སུ་བུད་དེ་བུ་མོ་ཞིག་གི་ཕ་རུ་གྱུར་ཡོད་ལ། ནམ་རྒྱུན་བུ་མོ་རླངས་འཁོར་དུ་བསྡད་དེ་སློབ་གཉེར་གྱི་ལམ་ཁ་འགྲིམས་ཐེངས་རེ་རེར་སེམས་པ་བདེ་བའི་དུས་ཤིག་ཡོད་མ་མྱོང་ཞིང་། དུས་སྐབས་དེ་རེ་རེར་ཆུང་དུས་འཕྲད་པའི་འགྲིམ་འགྲུལ་ཆག་སྒོ་བྱུང་དུས་ཀྱི་ཨ་མའི་སེམས་ཁམས་དེར་ཡང་ཡང་འཆར་ཡན་བྱས་ཏེ་མིག་ཟུང་མཆི་མས་བརླན་པའང་ཐེངས་གཅིག་ག་ལ་ཡིན། ལོ་འགའི་རྗེས་ནས་ང་རང་རྫོང་མཁར་གྱི་སློབ་ཆུང་ཞིག་ཏུ་ལས་གནས་སྤར་ཏེ་ད་ལྟའི་བར་དུ་སློབ་གསོའི་སློབ་ཁྲིད་ལས་ཀའི་ཞོར་དུ་ནམ་རྒྱུན་བྱིས་པ་ཚོར་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་སློབ་གསོ་བཏང་སྟེ།ཚེ་སྲོག་ལ་བརྩི་འཇོག་དང་འགྲིམ་འགྲུལ་སྒྲིག་སྲོལ་ལེགས་པོར་བརྩི་སྲུང་བྱ་དགོས་པར་ནན་གྱིས་བསྐུལ་བ་ཡིན། རེད་དེ། ཚེ་སྲོག་ནི་རླུང་ཁའི་མར་མེ་དང་འདྲ་སྟེ། རང་ཉིད་ཀྱིས་ལེགས་པོར་གཅེས་སྤྲས་མ་བྱས་ཚེ། དུས་ཡུན་ཐུང་ངུའི་ནང་ཐོབ་དཀའ་བའི་མི་ལུས་འདི་བོར་བའི་ཉེན་ཁ་ཆེ་ལ། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་ཚེ་སྲོག་ནི་རང་ཉིད་ཁོ་ནར་དབང་བ་ཙམ་མ་ཡིན་ཏེ། རང་ཉིད་ལ་དྲིན་གྱིས་བསྐྱངས་པའི་ཕ་མ་དང་། ལས་ཀྱི་ལམ་ཁར་འཕྲད་པའི་ཚེ་གྲོགས། ད་དུང་ཤ་དང་རུས་ནས་མཆེད་པའི་བུ་དང་བུ་མོ་བཅས་ཀྱི་མི་ཚེའི་ལོངས་སྤྱོད་ཀྱི་གཞི་མ་ཡང་ཡིན་པས། ང་ཚོ་མི་སུ་དང་སུ་ཡིན་ཡང་ཚན་རྩལ་གྱི་བང་ཁ་གློག་ལྟར་མྱུར་བའི་དུས་རབས་འདིའི་ནང་དུ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་ལེགས་པོར་སྦྱངས་ཏེ་རླངས་འཁོར་བསྐོར་ཆོག་པའི་དཔང་ཡིག་ལེན་པ་དང་། ཆང་འཐུངས་ནས་རླངས་འཁོར་མི་བསྐོར་བ་དང་རླངས་འཁོར་བསྐོར་ན་ཆང་མི་འཐུང་བའི་འདུ་ཤེས་སེམས་ལ་འཛིན་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །




གྱེར་ཀློག་པ། བཀྲ་ཤིས་དོན་གྲུབ།
 རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ། 
ལྟ་སྐུལ་པ། ཕྱུག་ལོ། 
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། 

青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章