བུ་ཚེ་རིང་རྒན་པ། (བོད་ལྗོངས)
བརྩམས་ཆོས།《བྲེལ་བ་མ་ལང་དལ་ཙམ་གནང་རོགས》 ཨང་དང་པོ།
"རྨ་གཡང་རྟགས་མའི"ལྷུག་རྩོམ་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་པའི་བརྩམས་ཆོས་ལ་དཔྱད་འདེམ་པ་རྡོ་རིང་པདྨ་དབང་ཆེན་གྱིས་ཕུལ་བའི་གཏམ།
རྩོམ་རིག་གི་ཆེས་བླ་མེད་ཀྱི་མྱོང་རོལ་ནི་མཛེས་རྟོག་གི་མྱོང་རོལ་ཡིན་པར་བརྗོད་ནའང་།
རྩོམ་རིག་གི་སློབ་གསོའི་ནུས་པ་དེ་ཡང་སྨྲ་བསམ་བརྗོད་འདས་ཤིག་སྟེ།
དེར་གནམ་ས་ཁ་ལོ་བསྒྱུར་བའི་ནུས་པ་ཡོད་ལ།
བློ་སྒོ་ཐོལ་གྱིས་འབྱེད་པའི་བྱེད་ནུས་ཀྱང་ལྡན་པས།
རྩོམ་རིག་གི་སློབ་གསོའི་ནུས་པ་ཡང་བླ་ན་མེད་པ་ཞིག་ཡིན།
ཐེངས་འདིའི་ལྷུག་རྩོམ་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པའི་རྩོམ་ཡིག《བྲེལ་བ་མ་ལང་དལ་ཙམ་གནང་རོགས》ཞེས་པ་འདི་ནི་ལྷུག་རྩོམ་གྱི་བྲོ་བ་སྟུག་ཅིང་།
སློབ་གསོའི་འགུགས་ཤུགས་དྲག་པའི་རྩོམ་ཡིག་ཅིག་ཡིན་པ་དང་།
ལྷུག་རྩོམ་འདིར་མི་ཚེ་ནི་འགྲུལ་བཞུད་ཅིག་ཡིན་ལ།
འགྲུལ་བཞུད་བདེ་འཇགས་ནི་བདེ་སྐྱིད་ཀྱི་སྲོག་རྩ་ཡིན་པ་དམིགས་སུ་བཟུང་བ་དང་།
བོད་ཀྱི་གཏམ་དཔེ་དང་གཏམ་རྒྱུད་བཀོལ་ནས་གནའ་དུས་ཀྱི་འགྲུལ་བཞུད་བདེ་འཇགས་ཀྱི་མྱོང་བའི་སྐོར་གླེང་ཡོད་ཅིང་། དེར་མཐུད་ནས་གནའ་དུས་སུ་འགྲུལ་བཞུད་བདེ་འཇགས་ལ་དེ་འདྲའི་གཟབ་དགོས་ན།
འཕྲུལ་གྱི་འཁོར་ལོ་ལ་བརྟེན་པའི་དུས་རབས་འདིར་འགྲུལ་བཞུད་བདེ་འཇགས་ལ་དེས་བས་ཀྱང་གཟབ་དགོས་པ་ནི་སྨོས་མེད་ཡིན་པ་ལས་རྩོམ་གྱི་ཁོག་ཕུབ་ཡོད་ལ། ཡང་མི་ནི་ཤ་ཁྲག་གི་འབྲེལ་བས་དམ་དུ་སྦྲེལ་ཞིང་།
བརྩེ་བ་ཡི་ཞེན་པས་ལྷན་དུ་བསྡུས་པའི་ཁྱུ་ཚོགས་ཤིག་ཡིན་པས།
མི་རེ་རེའི་འགྲུལ་བཞུད་ཀྱི་བདེ་འཇགས་ནི་ཕ་མ་བུ་ཕྲུག་སོགས་ཀྱི་འཚོ་བའི་སྐྱིད་སྡུག་དང་དམ་དུ་འབྲེལ་ཡོད་པ་བརྗོད་དེ།
ཁ་ལོ་བ་ཚོས་འཕྲུལ་གྱི་རྟ་ཕོ་སྐོར་དུས་ཡིད་སེམས་ཀྱིས་འགྲུལ་བཞུད་བདེ་འཇགས་ལ་གཟབ་གཟབ་དང་།
ལག་ཟུང་གིས་ཚེ་སྲོག་དྲོན་མོར་སྲུང་སྐྱོང་བྱས་ཏེ།
འགྲིམ་འགྲུལ་གྱི་སྒྲིག་ལམ་བརྩི་སྲུང་དང་། འགྲོ་བ་མིའི་ཚེ་སྲོག་ལ་བརྩི་བཀུར།
གཉེན་ཉེ་དུའི་སྐྱིད་སྡུག་ལ་སེམས་ཁུར་བྱ་དགོས་པའི་གནས་ལུགས་དེ་བརྗོད་ཡོད།འབྲི་ཐབས་ཀྱི་ཆ་ནས་ཀློག་པ་པོ་དང་བར་ཐག་མེད་པར་སེམས་གཏམ་གསོང་བོར་བརྗོད་པའི་ཐབས་ལ་བརྟེན་ཏེ།
མི་ཚེ་ནི་འགྲུལ་བཞུད་ཅིག་ཡིན་ལ།
འགྲུལ་བཞུད་ཀྱི་ལམ་ཁར་ནམ་ཡང་བློ་རིག་སྒྲིམ་དགོས་པ་ལས་འཕྲོས་ཏེ།
བརྗོད་བྱ་མཐར་གྱིས་བཀྲམ་ཞིང་། གནས་ལུགས་ཧྲིལ་གྱིས་བསྟན་ཡོད་པ་དང་། རྩོམ་ཡིག་གི་ནང་གཏམ་དཔེ་དྲངས་ཤིང་གཏམ་རྒྱུད་བཀོད་པ་དེ་དག་ཀྱང་དོན་གྱི་གནད་ལ་གཟས་ཡོད་པས།
སྒྲིག་གཞི་ལྷུ་འགྲིག་ཅིང་། བརྗོད་བྱ་འབུར་དུ་ཐོན་ལ།
རྗོད་བྱེད་ཀྱི་ཚིག་སྦྱོར་ལ་གྲིམ་ལྷོད་རན་པས། ལྷུག་རྩོམ་ཕུལ་ཏུ་བྱུང་བ་ཞིག་ཡིན།དཔྱད་འདེམ་པ་རྡོ་རིང་པདྨ་དབང་ཆེན་གྱིས།
ཨ་ཉི་ལྷ་དགའ། (བསང་ཆུ)
བརྩམས་ཆོས།《འགྲིམ་འགྲུལ་ཉེན་རྟོག་པ་ཞིག་གི་སེམས་སྒྲ།》 ཨང་གཉིས་པ།
རྩོམ་རིག་གི་ཆེས་བླ་མེད་ཀྱི་མྱོང་རོལ་ནི་མཛེས་རྟོག་གི་མྱོང་རོལ་ཡིན་པར་བརྗོད་ནའང་། རྩོམ་རིག་གི་སློབ་གསོའི་ནུས་པ་དེ་ཡང་སྨྲ་བསམ་བརྗོད་འདས་ཤིག་སྟེ། དེར་གནམ་ས་ཁ་ལོ་བསྒྱུར་བའི་ནུས་པ་ཡོད་ལ། བློ་སྒོ་ཐོལ་གྱིས་འབྱེད་པའི་བྱེད་ནུས་ཀྱང་ལྡན་པས། རྩོམ་རིག་གི་སློབ་གསོའི་ནུས་པ་ཡང་བླ་ན་མེད་པ་ཞིག་ཡིན། ཐེངས་འདིའི་ལྷུག་རྩོམ་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པའི་རྩོམ་ཡིག《བྲེལ་བ་མ་ལང་དལ་ཙམ་གནང་རོགས》ཞེས་པ་འདི་ནི་ལྷུག་རྩོམ་གྱི་བྲོ་བ་སྟུག་ཅིང་། སློབ་གསོའི་འགུགས་ཤུགས་དྲག་པའི་རྩོམ་ཡིག་ཅིག་ཡིན་པ་དང་། ལྷུག་རྩོམ་འདིར་མི་ཚེ་ནི་འགྲུལ་བཞུད་ཅིག་ཡིན་ལ། འགྲུལ་བཞུད་བདེ་འཇགས་ནི་བདེ་སྐྱིད་ཀྱི་སྲོག་རྩ་ཡིན་པ་དམིགས་སུ་བཟུང་བ་དང་། བོད་ཀྱི་གཏམ་དཔེ་དང་གཏམ་རྒྱུད་བཀོལ་ནས་གནའ་དུས་ཀྱི་འགྲུལ་བཞུད་བདེ་འཇགས་ཀྱི་མྱོང་བའི་སྐོར་གླེང་ཡོད་ཅིང་། དེར་མཐུད་ནས་གནའ་དུས་སུ་འགྲུལ་བཞུད་བདེ་འཇགས་ལ་དེ་འདྲའི་གཟབ་དགོས་ན། འཕྲུལ་གྱི་འཁོར་ལོ་ལ་བརྟེན་པའི་དུས་རབས་འདིར་འགྲུལ་བཞུད་བདེ་འཇགས་ལ་དེས་བས་ཀྱང་གཟབ་དགོས་པ་ནི་སྨོས་མེད་ཡིན་པ་ལས་རྩོམ་གྱི་ཁོག་ཕུབ་ཡོད་ལ། ཡང་མི་ནི་ཤ་ཁྲག་གི་འབྲེལ་བས་དམ་དུ་སྦྲེལ་ཞིང་། བརྩེ་བ་ཡི་ཞེན་པས་ལྷན་དུ་བསྡུས་པའི་ཁྱུ་ཚོགས་ཤིག་ཡིན་པས། མི་རེ་རེའི་འགྲུལ་བཞུད་ཀྱི་བདེ་འཇགས་ནི་ཕ་མ་བུ་ཕྲུག་སོགས་ཀྱི་འཚོ་བའི་སྐྱིད་སྡུག་དང་དམ་དུ་འབྲེལ་ཡོད་པ་བརྗོད་དེ། ཁ་ལོ་བ་ཚོས་འཕྲུལ་གྱི་རྟ་ཕོ་སྐོར་དུས་ཡིད་སེམས་ཀྱིས་འགྲུལ་བཞུད་བདེ་འཇགས་ལ་གཟབ་གཟབ་དང་། ལག་ཟུང་གིས་ཚེ་སྲོག་དྲོན་མོར་སྲུང་སྐྱོང་བྱས་ཏེ། འགྲིམ་འགྲུལ་གྱི་སྒྲིག་ལམ་བརྩི་སྲུང་དང་། འགྲོ་བ་མིའི་ཚེ་སྲོག་ལ་བརྩི་བཀུར། གཉེན་ཉེ་དུའི་སྐྱིད་སྡུག་ལ་སེམས་ཁུར་བྱ་དགོས་པའི་གནས་ལུགས་དེ་བརྗོད་ཡོད།འབྲི་ཐབས་ཀྱི་ཆ་ནས་ཀློག་པ་པོ་དང་བར་ཐག་མེད་པར་སེམས་གཏམ་གསོང་བོར་བརྗོད་པའི་ཐབས་ལ་བརྟེན་ཏེ། མི་ཚེ་ནི་འགྲུལ་བཞུད་ཅིག་ཡིན་ལ། འགྲུལ་བཞུད་ཀྱི་ལམ་ཁར་ནམ་ཡང་བློ་རིག་སྒྲིམ་དགོས་པ་ལས་འཕྲོས་ཏེ། བརྗོད་བྱ་མཐར་གྱིས་བཀྲམ་ཞིང་། གནས་ལུགས་ཧྲིལ་གྱིས་བསྟན་ཡོད་པ་དང་། རྩོམ་ཡིག་གི་ནང་གཏམ་དཔེ་དྲངས་ཤིང་གཏམ་རྒྱུད་བཀོད་པ་དེ་དག་ཀྱང་དོན་གྱི་གནད་ལ་གཟས་ཡོད་པས། སྒྲིག་གཞི་ལྷུ་འགྲིག་ཅིང་། བརྗོད་བྱ་འབུར་དུ་ཐོན་ལ། རྗོད་བྱེད་ཀྱི་ཚིག་སྦྱོར་ལ་གྲིམ་ལྷོད་རན་པས། ལྷུག་རྩོམ་ཕུལ་ཏུ་བྱུང་བ་ཞིག་ཡིན།དཔྱད་འདེམ་པ་རྡོ་རིང་པདྨ་དབང་ཆེན་གྱིས།
"རྨ་གཡང་རྟགས་མའི"ལྷུག་རྩོམ་འགྲན་སྡུར་ཁྲོད་ཨང་གཉིས་པ་ཐོབ་པའི་བརྩམས་ཆོས་ལ་དཔྱད་འདེམ་པ་ཁྱུང་ཐར་རྒྱལ་གྱིས་ཕུལ་བའི་གཏམ།
ལྷུག་རྩོམ་འདི་ནི་འགྲིམ་འགྲུལ་ཉེན་རྟོག་པའི་ལས་སུ་ཞུགས་ཏེ་ལོ་དྲུག་འགོར་བའི་འགྲིམ་འགྲུལ་ཉེན་རྟོག་པ་ཞིག་གི་དངོས་བརྒྱུད་ཀྱི་འཚོ་བ་དང་སེམས་ཚོར་རེད་འདུགརྩོམ་པ་པོས་ཐོག་མར་ཁོ་རང་བྱ་བའི་ལས་གནས་དེར་ཞུགས་པ་ནས་བཟུང་། “འཛིན་ཡིག་མེད་པའམ་འགྲོས་ཚད་མགྱོགས་པ། གློག་དམར་བརྒལ་བ། ཆང་འཐུང་རྗེས་རླངས་འཁོར་བསྐོར་བ་སོགས་ཁྲིམས་འགལ་བྱ་སྤྱོད་ལས་བཟོས་པའི་དོན་རྐྱེན་རེ་རེའི་ཁྲོད་དུ་ཁྲག་གིས་བརྫིས་པའི་རྨས་མ་དང་འོ་དོད་འབོད་པའི་ཕ་མ་བུ་ཕྲུགlcuསྒོ་འགྲམ་དུ་འུ་ཐུག་པའི་བཟའ་མི་དང་ལྷན་དུ་རྨས་མའི་གནས་ཚུལ་ལ་སྒུག་ཐེངས་རེ་རེར་ང་ལ་བཟོད་ཐབས་བྲལ་བའི་བྲེད་ཤ་ཞིག་ག་ཤེད་ཅིག་ནས་སྐྱེས་ཡོང་།”ཞེས་འགྲིམ་འགྲུལ་ཆག་སྒོ་ལས་བྱུང་བའི་དོན་དངོས་དེ་དག་མཐོང་ཐེངས་རེར་གདུང་སེམས་མཉམ་སྐྱེས་དང་། ཆག་སྒོ་དེ་དག་ལས་སྐྱོབ་པའི་སེམས་ཀྱི་འདུ་ཤེས་ཤིག་མེ་ལྟར་འབར་ཡོད། རླངས་སྣུམ་འཁྱག་པས་བསྡམས་ཏེ་མེ་ཁ་གསོ་མ་ཐུབ་པར་ས་སྟོང་དུ་ལུས་པའི་རླངས་འཁོར་ཁ་ལོ་བ་དེར 110དང122ལ་ཁ་པར་ཙམ་ཡང་གཏོང་མི་ཤེས་པར་འཁང་ར་བྱས་པ་དང་། ཕྱིས་སུ་སློབ་གྲྭ་དང་གྲོང་སྡེ། ཐ་ན་ཁྱིམ་ཚང་རེ་རེའི་སྒོ་ཁར་ཉུལ་ཏེ་འགྲིམ་འགྲུལ་བདེ་འཇགས་རྒྱུན་ཤེས་དྲིལ་སྒྲོག་བྱེད་སྐབས་སོགས་སུ། “རླངས་འཁོར་འཛིན་ཡིག་སྟེར་རམ། པར་བླངས་རྗེས་བུད་སོང་ན་ཨེ་ཆོག”ཅེས་འཛིན་ཡིག་ཁོ་ན་ལེན་རྒྱུ་ལས་འགྲིམ་འགྲུལ་ཤེས་བྱ་དང་བདེ་འཇགས་སྣང་དོགས་ཙམ་ཡང་མི་བྱེད་པའི་སྐོར་དང་། ད་དུང“སེམས་ཆུང་བྱོས། ལམ་དུ་ཚེར་མ་ཡོད་ཀི ཁོ་ཚོས་རླངས་འཁོར་འགོག་རྒྱུ་དང་ཆད་པ་གཅོད་རྒྱུ་མ་གཏོགས་ཅི་ཞིག་ཤེས”ཞེས་ད་དུང་འཕྱ་སྨོད་དང་མཐོང་ཆུང་བྱེད་པའི་སྣང་ཚུལ་ལ་དངོས་ཤུགས་གང་རུང་ནས་ཡི་ཆད་དང་སེམས་ཁོང་དུ་ཆུད་པ་ལྟ་བུའི་ཚོར་བ་བྱུང་འདུག་པ་རྩོམ་ཡིག་འདིར་ཁ་གསལ་དུ་མ་སྨྲས་ཀྱང་གབ་པའི་ཚུལ་དུ་མངོན་ཡོད། འདི་ནི་རྩོམ་པ་པོའི་འབྲི་ཐབས་ཁྱད་པ་བ་ཞིག་ཏུ་བརྩི་ཆོག་ལ། བཀླགས་པ་ཙམ་གྱིས་ཀློག་མཁན་ལའང་འགྱོད་པའམ་དོགས་མི་བདེ་བའི་ཚོར་བ་ཞིག་སྟེར། རྩོམ་ཡིག་གི་མཇུག་ཏུ“སྤྱི་ཚོགས་འདིར་ཁྱོད་ཚོ་མེད་མི་རུང་། ཁྱོད་ཚོ་མེད་ན་གཞུང་ལམ་ཁྲག་གིས་གང་རྒྱུ་རེད། ཐ་ན་བྱིས་པ་སློབ་གྲྭར་བསྐྱལ་རྒྱུའང་ཁག་པོ་རེད”ཅེས་པའི་རྒད་པོ་དེའི་སྐད་ཆ་ཚིག་གཅིག་གིས་ཁོ་ལ་སླར་ཡང་སྤོབས་པ་དང་ཡིད་ཆེས་བསྩལ་ཡོད། སྔ་གཞུག་གི་སྐད་ཆ་འདི་གཉིས་ཕན་ཚུན་གཞིབ་བསྡུར་བྱས་པས་རྩོམ་ཡིག་གི་བརྗོད་དོན་ལ་སྔར་ལས་ལྷག་པའི་མཐོ་རླབས་ཤིག་བསྐྲུན་འདུག་སྙམ།མདོར་ན་འདི་ནི་བརྗོད་བྱའི་ཁྱབ་ཁོངས་ཅུང་རྒྱ་ཆེ་ལ། ཚིག་སྦྱོར་བདེ་ཞིང་ཟོར་ཡངས་པ་དང་། དངོས་ཡོད་ཀྱི་འཚོ་བ་ལ་བསམ་གཞིགས་ནན་མོ་བཏང་པའི་ཚོར་ཤེས་སྐྱེན་པའི་ལྷུག་རྩོམ་ཡག་པོ་ཞིག་ཏུ་འདོད་དོ། །དཔྱད་འདེམ་པ་ཁྱུང་ཐར་རྒྱལ་གྱིས།
དཀར་ལུང་པདྨ་རྡོ་རྗེ། (གཅན་ཚ)
བརྩམས་ཆོས།《དོན་རྐྱེན་ལས་འཕྲད་པའི་བློས་བསླངས།》 ཨང་གཉིས་པ།
"རྨ་གཡང་རྟགས་མའི"ལྷུག་རྩོམ་འགྲན་སྡུར་ཁྲོད་ཨང་གཉིས་པ་ཐོབ་པའི་བརྩམས་ཆོས་ལ་དཔྱད་འདེམ་པ་རིག་ལྡན་རྒྱ་མཚོ་ཡིས་ཕུལ་བའི་གཏམ།
«དོན་རྐྱེན་ལ་འཕྲད་པའི་བློས་བསླངས»ཀྱི་རྩོམ་པ་པོ་སློབ་ཆུང་དགེ་རྒན་ཞིག་ཡིན་ལ། རང་ཉིད་ལ་རླངས་འཁོར་གྱི་ཆག་སྒོ་བྱུང་བའི་ཉམས་མྱོང་གཞིར་བཟུང་སྟེ། ཐོག་མ་ནས་སློབ་མ་རྣམས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོ་བརྒྱབ་པ་སྟེ། རླངས་འཁོར་བསྐོར་ཆོག་གི་ཡི་གེ་ལེན་པ་དང་། ཆང་འཐུང་ནས་རླངས་འཁོར་བསྐོར་མི་རུང་བ། འགྲིམ་འགྲུལ་གྱི་སྒྲིག་ཁྲིམས་ལེགས་པར་སྲུང་དགོས་པ་སོགས་གསལ་པོར་བསྟན་ཞིང་། དེ་ནས་ཚེ་སྲོག་གི་གལ་ཆེན་རང་བཞིན་བརྗོད་དེ། མི་རང་ཉིད་ཀྱི་ཚེ་སྲོག་ནི་རང་ཁོ་ནས་མིན་པར། དྲིན་ཆེན་ཕ་མ་དང་བཟའ་ཟླ། རང་གི་བུ་བུ་མོ་སོགས་ལའང་དབང་བས། ཚན་རྩལ་གྱི་འགྲིམ་འགྲུལ་འཕྲུལ་ཆས་དར་རྒྱས་ཆེན་པོ་འབྱུང་བཞིན་པའི་ད་ལྟའི་དུས་སུ་ངེས་པར་ཏུ་གཟབ་གཟབ་བྱ་དགོས་པ་བཤད་ཡོད་ལ། མི་གཅིག་གི་ཚེ་སྲོག་ཡིན་ཡང་ཁྱིམ་ཚང་གང་བོའི་བདེ་སྐྱིད་དང་འབྲེལ་ཡོད་པ་གནད་དུ་འཁེལ་བའི་སྒོ་ནས་བརྗོད་ཡོད། ལྷུགས་རྩོམ་འདིར་དངོས་ཡོད་གཙིགས་སུ་བཟུང་བས་ཁ་རུ་ཁ་ཐུག་གིས་སྤྱི་ཚོགས་བདེ་འཇགས་ལ་སྨན་པ་ཞིག་ཀྱང་རེད།དཔྱད་འདེམ་པ་རིག་ལྡན་རྒྱ་མཚོ་ནས།
འབྲོག་བུ་དཀོན་བཀྲ། (རྨ་ཆུ)
བརྩམས་ཆོས།《ལུག་ཚེ་ཐར་གསུམ།》 ཨང་གསུམ་པ།
"རྨ་གཡང་རྟགས་མའི"ལྷུག་རྩོམ་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ་པའི་བརྩམས་ཆོས་ལ་དཔྱད་འདེམ་པ་མཛེས་སེ་ཡིས་ཕུལ་བའི་གཏམ།
《ལུག་ཚེ་ཐར་གསུམ》ཞེས་པའི་རྩོམ་འདིའི་ཁ་བྱང་མཐོང་མ་ཐག་ཏུ་འབྲོག་ཕྱོགས་སམ་རོང་ཁུལ་ལམ་བར་སའི་དུད་ཁྱིམ་ཞིག་གི་རྒྱུན་ལྡན་གྱི་འཚོ་བ་དེ་མིག་ལམ་དུ་མངོན་འོངས་ལ། གཡང་དཀར་ལུག་དང་འབྲེལ་བའི་གངས་ལྗོངས་ཀྱི་ཉི་འོད་ཁྲོད་དུ་བྱུང་བའི་ཕལ་བའི་གཏམ་རྒྱུད་ཅིག་ཀྱང་དྲན་པའི་རྩིག་ངོས་སུ་འཆར་གྲབས་བྱེད། འོན་ཏེ་རྩོམ་ཧྲིལ་པོའི་བབ་ཆགས་ལ་ལྷོད་ཅིང་བདེ་བའི་ཚིག་སྦྱོར་དེད་ནས་མཇུག་ལ་སླེབས་དུས། བརྗོད་བྱའི་དོན་གྱི་གཙོ་བོ་སྟེ་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་ཆེན་པོ་བྱ་དགོས་ཚུལ་དེ་རྩོམ་པ་པོ་དང་ཁོའི་འགྲོ་རོགས་གཉིས་བཅས་ཀྱིས་དངོས་སུ་མྱངས་པའི་རླངས་འཁོར་གྱི་བྱུར་རྐྱེན་བྱུང་རིམ་ལས་ཤུགས་སུ་བསྟན་འདུག་པ་ནི་སྒྱུ་རྩལ་གྱི་མཚོན་ཐབས་མཆོག་ཏུ་བགྲང་འོས། རླངས་འཁོར་གྱི་བྱུར་རྐྱེན་འབྱུང་དོན་ནི་ཁ་ཆར་དང་རླུང་དམར་ཁྲོད་དུ་མགྱོགས་པོར་བསྐྱོད་པས་ཡིན་པ་དང་། ཆག་སྒོ་བྱུང་ཡང་འཆི་མ་དགོས་པ་ནི་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་སྒྲིག་སྲོལ་བརྩི་སྲུང་དང་ཉེན་སྐྱོབ་ཐག་པ་ལ་སོགས་པའི་ཉེན་ཟོན་ཡོ་བྱད་ལེགས་པར་སྤྱད་ཅིང་དུས་ཐོག་ཏུ་སྨན་བཅོས་བྱས་པས་ཡིན་གྱི་གཞན་གང་ཡང་མིན་པ་གསལ་པོར་བྲིས་མེད་ཀྱང་ཀུན་གྱི་སེམས་ལ་གནས་ལུགས་སྤྲད་འདུག་གོ། རང་གི་མགོན་ནི་རང་ཉིད་དོ་ཞེས་པ་བཞིན། རླངས་འཁོར་གྱི་བྱུར་རྐྱེན་ཁྲོད་དུ་འཆི་བདག་གི་ཞགས་པ་ལས་ཐར་བའི་ལུག་གསུམ་གྱིས་རང་ཉིད་ཚེ་ཐར་གཏང་མཁན་དེ་ཡང་སྙིང་སུ་ཞིག་ཡིན་པ་གཞི་ནས་རྟོགས་ཡོད་པ་རེད།
གངས་དཀར་འཚོ། (ནུབ་བྱང་མི་རིགས་སློབ་ཆེན)
བརྩམས་ཆོས།《ན་གཞོན་ཞིག་གི་རྒས་ཉམས།》 ཨང་གསུམ་པ།
"རྨ་གཡང་རྟགས་མའི"ལྷུག་རྩོམ་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ་པའི་བརྩམས་ཆོས་ལ་དཔྱད་འདེམ་པ་རམས་ཚེ་བྷོ་ཡིས་ཕུལ་བའི་གཏམ།
ཕྱི་དྲན་གྱི་རྒས་ཉམས། དུས་མིན་གྱི་རྒས་ཉམས། བློ་ལས་འགོངས་པའི་རྒས་ཉམས། རྩོམ་པ་མོའི་མིག་འཕྲུལ་དུ་སྣང་བའི་རྒས་ཉམས། དོ་མི་མཉམ་པའི་རྒས་ཉམས་དངོས་མ་ཞིག་ལྡོག་བྲིས་ལམ་ནས་ཡིད་འགྱུར་སྣ་ཚོགས་ཀྱི་གཡོ་བསྐྱོམ་དང་བསྡོངས་ནས་འགྲིམ་འགྲུལ་བདེ་འཇགས་ལ་ཉེན་བརྡ་ཐེངས་ཤིག་བརྒྱབ་པ་ལྷུག་རྩོམ་ཐུང་ངུའི་སྲོག་སུ་ཞུགས་ཡོད།ཚིག་སྦྱོར་གྱི་ཐད་ནས་རྡོ་ཆག་བཙན་སྒྲིག་གི་ཨུ་ཚུགས་སྤངས་ཏེ་ཕུ་ཆུ་ལྷུང་ལྷུང་དུ་འབབ་པ་ལྟ་བུའི་རྩོལ་མེད་རང་བྱུང་གི་ཉམས་འགྱུར་རྩལ་དུ་བཏོན་ཡོད་པ་མ་ཟད། མི་རིགས་རང་གི་བརྡ་སྤྲོད་ཀྱི་སྤྱི་འགྲོས་དང་མཐུན་པའི་བརྗོད་པ་གཙང་མ་དང་དངོས་བྱུང་གཏམ་རྒྱུད་ཀྱི་བདེན་ལུགས་ཡང་དག་པོ་དེས་བརྗོད་བྱའི་གཟུགས་བརྙན་གསལ་པོར་བསྟན་ཡོད་ལ། བོད་མིའི་རང་གཤིས་སུ་གོམས་ཤིང་འཇིག་རྟེན་ལྟ་གྲུབ་ལས་བསྐྱེད་པའི་བྱམས་དང་སྙིང་རྗེ་ཡི་སེམས་པ་གཙང་མས་བརྩམས་ཆོས་ཐུང་ངུའི་སྲོག་ལ་རྒྱན་བཏབས་ཡོད་པ་དཔེར་ན། ཆག་སྒོ་ནི་ཆག་སྒོ་རང་ཡིན་ལ། རྩོམ་པ་མོས། ཆག་སྒོ་ལས་ཕྲད་པའི་ཕུ་བོའི་རྒས་ཉམས་མ་མཐོང་བའི་སྔོན་དུ། དོན་རྐྱེན་གྱིས་བཟོས་པའི་གནོད་ཁེལ་མི་སྣ་བྱིས་པ་ཆུང་ཆུང་དེའི་རྨས་སྐྱོན་ལ་སེམས་ཁྲལ་ཡང་ཡང་བགྱིས་པ་དེའོ། ། མདོར་ན། དོན་བརྗོད་ལྷུག་རྩོམ་འདིའི་བརྗོད་བྱའི་རྒྱུ་ཆ་འོས་ཤིང་འཚམས་ལ། མི་དང་དོན་གྱི་བྱུང་འཕེལ་འགྱུར་བག་ལྡན་པ། སེམས་ཚོར་དང་ཡིད་འགྱུར་དྲག་ཏུ་འཕྱུར་བ། རྗོད་བྱེད་ཚིག་གི་རྣམ་པ་འགྱུར་ཡང་བརྗོད་བྱའི་སྲོག་ལ་རྨ་མ་ཞུགས་པ་ལྟ་བུའི་བརྩམས་ཆོས་ཡག་ཤོས་ཤིག་ཏུ་མཐོང་ཡོད།དཔྱད་འདེམ་པ་རམས་ཚེ་བྷོ་ཡིས།དཀོན་མཆོག་རྒྱལ་པོ། (རྨ་ལྷོ)
བརྩམས་ཆོས།《སློབ་མ་དང་འཕྲུལ་རྟ།》 ཨང་གསུམ་པ།
"རྨ་གཡང་རྟགས་མའི"ལྷུག་རྩོམ་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ་པའི་བརྩམས་ཆོས་ལ་དཔྱད་འདེམ་པ་རིག་ལྡན་རྒྱ་མཚོ་ཡིས་ཕུལ་བའི་གཏམ།
«སློབ་མ་དང་འཕྲུལ་རྟ» གོ་ཐོས་སུ། ལྷུགས་རྩོམ་འདི་དོན་དག་ངོ་མ་ཞིག་དང་སྦྱར་ནས་བྲིས་པ་རེད་ཟེར། དེ་བས་རྩོམ་པ་པོའི་སེམས་ཀྱི་ཚོར་བ་ཟབ་མོ་ཞིག་ཚིག་འབྲུའི་གསེབ་ནས་མཐོང་ཐུབ་ལ། རྩོམ་པ་པོ་ཁོ་རང་དགེ་རྒན་ཞིག་ཡིན་པའི་ཆ་ནས་སློབ་མ་རྣམས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་བརྗོད་པའི་སེམས་ཤུགས་ཀྱང་གསལ་པོར་ཚོར་ཐུབ། ལྷུག་རྩོམ་འདི་ལས་འགྲིམ་འགྲུལ་བདེ་འཇགས་ནི་དུས་རྒྱུན་ཏུ་སློབ་གྲྭའི་སློབ་གསོའི་ནང་གསེས་གལ་ཆེན་ཞིག་ཏུ་བཟུང་སྟེ་དྲིལ་སྒྲོག་བྱ་དགོས་པ་བསྟན་ཞིང་། ཆུ་མ་ཡོང་གོང་གི་རགས་ཟེར་བའི་དཔེ་ལྟར། དབྱར་གནང་དགུན་ནང་གི་དུས་སྐབས་སུ་རང་རེའི་རོང་འབྲོག་ཁུལ་གྱི་སློབ་མ་རྣམས་འཕྲུལ་རྟར་བཞོན་ལོབས་སུ་གྱུར་པའི་དོན་དངོས་དམིགས་སུ་བཟུང་སྟེ། ངེས་པར་ཏུ་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱ་དགོས་པའི་བླང་བྱ་ནན་མོ་བཏོན་པར་མ་ཟད། དགེ་རྒན་གྱི་གདམས་ངག་ལ་མི་ཉན་པའི་སློབ་མ་ཞིག་དཔེ་གསོན་པོར་བཀོད་དེ་ཡ་ང་བའི་མཇུག་འབྲས་བྱུང་བའང་བསྟན་ཞིང་། དེ་འདྲའི་དོན་རྐྱེན་མུ་མཐུད་དུ་མི་འབྱུང་བའི་བསླབ་བྱ་གལ་ཆེན་གནང་ཡོད། ལྷུག་རྩོམ་འདིས་ལོ་ཆུང་སློབ་མ་ཚོ་དམིགས་སུ་བཟུང་ནས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱ་རྒྱུ་ནི་སོ་སོའི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་སྔོན་འགྲོ་ཡིན་པར་བརྗོད་ཅིང་། དངོས་ཡོད་རིང་ལུགས་ཀྱི་ཁྱད་ཆོས་གསལ་པོ་ཞིག་ཀྱང་འབུར་དུ་ཐོན་ཡོད་པ་རེད།དཔྱད་འདེམ་པ་རིག་ལྡན་རྒྱ་མཚོ་ཡིས།
རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།དོ་དམ་པ། བསོད་ནམས་དོན་འགྲུབ། ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།