བྲེལ་བ་མ་ལང་དལ་ཙམ་གནང་རོགས།
(བོད་ལྗོངས) བུ་ཚེ་རིང་རྒན་པ།
མི་ཚེ་ནི་འགྲུལ་བཞུད་གཅིག་གི་མགོ་རྔ་ཡིན་ན།མི་ཚེ་གང་བོར་ཁ་ཞེང་ཆེ་ཆུང་དང་རིང་ཐུང་མི་གཅིག་པའི་ལམ་ཁ་སྣ་ཚོགས་བརྒྱུད་དགོས།ལམ་བར་གྱི་ཡུལ་ལྗོངས་དང་ལུས་སེམས་གཉིས་ཀྱི་དགའ་སྐྱོ་སེམས་ཀྱིས་མྱོང་དགོས་ན།ལམ་ལ་ཞུགས་དུས་རྣམ་གཡེང་མེད་པར་རིག་པ་བསྒྲིམ་རྒྱུ་གལ་ཆེ་ཨང་།སྐྱེ་བོ་སུ་ཞིག་མི་ཡུལ་སྟེང་དུ་ཐོག་མའི་གོམ་ཁ་སྦྱོང་སྐབས།འགྱེལ་དོགས་དང་བརྡབ་དོགས་ཀྱིས་ཕ་མས་ལག་ནས་བཟུང་ཞིང་ལུས་ནས་སྐྱོར་གྱིན་ཡོད་ལ།ལང་ཚོ་སྟོངས་ཤིང་ན་སོ་རྒས་དུས་ས་ལ་འགྱེལ་དོགས་དང་གཡང་ལ་ལྷུང་དོགས་ཀྱིས།བུ་ཚས་སྐྱོར་ཞིང་འཁར་བར་འཁེན་གྱིན་ཡོད།དེ་ནི་མི་ཚེའི་གཏམ་རྒྱུད་རེད་ལ་འཚོ་བའི་ཆོས་ཉིད་ཀྱང་ངོ་།
བོད་ཀྱི་གཏམ་དཔེར།རྟ་ལ་མ་བཞོན་གོང་དུ་སྒ་ལ་བཅག་བཅགཆུ་ལ་མ་བརྒལ་གོང་ལ་རབ་ལ་བཅག་བཅག་ཅེས་དང་།དམངས་སྒྲུང་ཞིག་ཏུ།རྟ་པ་ཞིག་ཐག་རིང་གི་ཡུལ་ཞིག་ལ་ཐོན་པའི་ལམ་བར་དུ་རྒད་པོ་ཞིག་དང་འཕྲད།རྟ་པས་རྒད་པོར་ཁོ་རང་འགྲོ་སའི་ཡུལ་དེར་སྔ་འཕྱི་ཅི་ཙམ་ལ་འབྱོར་ཐུབ་བམ་ཞེས་འདྲི་དུས།རྒད་པོས་དལ་ཙམ་སོང་ན་སྔ་ཙམ་དང་།མགྱོགས་པོར་སོང་ན་འཕྱི་པོའི་བར་མི་སླེབ་པར་འདུག་ཅེས་སྨྲས།རྟ་པའི་སེམས་སུ་རྣ་བར་མི་འགྲོ་བའི་གཏམ་རང་རེད།མགྱོགས་པར་སོང་ན་སྔ་བ་དང་དལ་བར་སོང་ན་འཕྱི་བ་ལུས་རྒྱུ་ཡིན་པ་ཀུན་གྱིས་ཤེས་པས།རྒད་པོ་འདི་སྨྱོས་པ་ཨེ་ཡིན་སྙམ།ཡུལ་དུ་སྔ་ཙམ་འབྱོར་ཆེད་ཁོས་རྟ་ཕོ་ལྕག་གིས་བསྐུལ་ཏེ་མགྱོགས་པར་སོང་།དེ་ལྟར་སོང་སོང་བའི་མཐར་ལམ་བར་རྟ་ཕོ་ཁག་ནས་ཉལ་ཏེ་མ་སོང་བས་རྟ་པ་ནམ་གུང་ལ་གཞི་ནས་ཡུལ་དེར་འབྱོར།གོང་གི་གཏམ་དཔེ་དང་སྒྲུང་གཏམ་དེ་གཉིས་ལས་བྱ་བ་གང་ཞིག་བྱེད་སྐབས་ཡིད་གཟབ་དང་བདེ་འཇགས་ལ་དོ་སྣང་བྱ་རྒྱུ་དང་།མགྱོགས་པོ་སླེབ་རྒྱུའི་རྔམ་སེམས་ཀྱིས་ཚ་འདེད་ཚ་སྐུལ་བྱས་ཚེ་དེའི་ལྡོག་ཟླར་འགྱུར་སྲིད་པས།ལམ་བར་བདེ་འཇགས་ལ་དོ་སྣང་བྱ་རྒྱུ་གལ་ཆེར་བསྟན་ཡོད།སྔ་མོ་འགྲིམ་འགྲུལ་རྐང་བཞིའི་དུད་འགྲོར་བསྟེན་དུས་བདེ་འཇགས་དེ་ལྟར་གལ་ཆེ་ན།ད་ཆ་རླུང་ལྟར་མགྱོགས་པའི་དེང་རབས་འཕྲུལ་འཁོར་ལ་བརྟེན་སྐབས།འགྲིམ་འགྲུལ་བདེ་འཇགས་དེ་བས་གལ་མི་ཆེའམ།
འགྲིམ་འགྲུལ་བདེ་འཇགས་ནི་ཚང་མའི་ཚེ་སྲོག་རྒྱུ་ནོར་དང་ཐད་ཀའི་འབྲེལ་བ་ཡོད་ཅིང་།ང་ཚོ་ཚང་མར་ཚེ་སྲོག་རེ་རེ་ལས་མེད།ང་ཚོའི་གོང་ན་ལོ་ན་རྒས་པའི་ཕ་མ་དང་རྒྱབ་ན་མི་ཚེའི་སྐྱ་ཡ།གཤམ་ན་ནར་མ་སོན་པའི་ཕྲུ་གུ་ཡོད་ཅིང་།ཁོ་ཚོས་བརྩེ་བ་དང་རེ་བའི་མིག་ཞགས་ང་ཚོར་འཕེན་ནས་ཡོད་དུས།ང་ཚོ་ནི་ཁྱིམ་ཚང་གང་དེའི་ཀ་བ་དང་བདེ་སྐྱིད་ཀྱི་གཞི་རྩར་གྱུར་ཡོད།འགྲིམ་འགྲུལ་དོན་རྐྱེན་ནི་སྐད་ཅིག་གི་ཆག་སྒོ་ཆེན་པོ་ཞིག་ཡིན་པས།གྲོགས་པོ་ལགས།ལམ་ལ་སྐྱོད་སྐབས་སྐར་མ་འགའ་ཤས་ངང་སྒུག་དགོས་ཀྱང་།སྐར་ཆ་འགའ་ཡི་ཆེད་དུ་འཚབ་འཚུབ་ཀྱིས་འཚང་ཁ་སྐྱོན་པ་མ་གནང་།ང་ཚོས་སྐོར་བ་ནི་གྲང་ཅག་ཅག་གི་སེམས་མེད་འཕྲུལ་འཁོར་ཡིན་ཡང་།ང་ཚོའི་ལག་ཏུ་སྐྱེ་བོ་མང་པོའི་རིན་ཆེན་ཚེ་སྲོག་དང་ཁྱིམ་ཚང་མང་པོའི་བདེ་སྐྱིད་ཀྱི་རྩ་བ་གནས་ཡོད་པས།ཕན་ཚུན་ཚང་མའི་བདེ་འཇགས་དང་བདེ་སྐྱིད་ཆེད།ལམ་བར་འཚང་ཁ་མེད་པར་ཡིད་གཟབ་ཀྱིས་ག་ལེར་ཕེབས་རོགས།
གྲོགས་པོ་ལགས།འགྲོ་རྒྱུ་རྟ་ལ་ཡོད་ཀྱང་གཏོང་ལུགས་མི་ཡིས་བྱེད།གོམ་ཤོག་རང་ལ་ཡོད་ཀྱང་བསྟུན་མཁས་མི་ལ་དགོས་ཟེར་བའི་སྒང་པ་བོད་ཀྱི་གཏམ་དཔེ་བཞིན།འགྲིམ་འགྲུལ་བདེ་འཇགས་ནི་འགྲིམ་འགྲུལ་ཉེན་རྟོག་པ་དང་ཁ་ལོ་བ་རེ་གཉིས་ཀྱི་འགན་འཁྲི་མིན་པར།ཚང་མའི་འབད་བརྩོན་བརྒྱུད་གཞི་ནས་འགྲུབ་ཐུབ་པའི་དོན་ཆེན་ཞིག་ཡིན་ན།རང་གཞན་ཚང་མའི་ཚེ་སྲོག་དང་བདེ་འཇགས་བླ་རུ་བཀུར་ནས།ཆང་རག་འཐུང་རྗེས་འཁོར་རིགས་མི་སྐོར་བ་དང་།ལམ་ཟུར་བརྡ་རྟགས་ཀུན་ལ་བརྩི་འཇོག་གིས།མི་ཡུལ་སྟེང་དུ་ཁྲག་དང་མིག་ཆུའི་སྐྱོ་གར་མེད་པར།ཚང་མའི་བཞིན་ལ་བདེ་སྐྱིད་ཀྱི་འཛུམ་མདངས་མཛེས་པར་བཞད་ཆེད།ཁྲིམས་འགལ་སྲོལ་ངན་རིང་དུ་དོར་མཛོད།ལམ་ཁ་ཁྲི་སྟོང་ཡོད་ན་ཡང་གལ་ཆེའི་ནང་གི་གལ་ཆེ་བདེ་འཇགས་ཡིན་པས།ཁྱེད་ཀྱི་ཐུགས་སུ་འགྲིམ་འགྲུལ་བདེ་འཇགས་ཡོད་གྱུར་ན།འགྲོ་སྐྱོད་ལམ་བུ་བདེ་ཞིང་ཡངས་ལ་ཤེས་དཔལ་མེ་ཏོག་གང་སར་བཞད་ཐུབ་པས།གྲོགས་པོ་ལགས།ཁྱེད་དང་ང་།ཁོང་དང་ཁོང་ཚོ་བཅས་ང་ཚོ་ཚང་མས་ལྷག་བསམ་བརྩེ་བ་ཐུགས་སུ་སྒོམ་ཞིང་།འགྲིམ་འགྲུལ་བཅའ་ཁྲིམས་མ་བརྗེད་ལག་ཏུ་བསྟར་ཏེ།བདེ་འཇགས་ཤེས་དཔལ་གྱི་ལམ་བུ་གཏོད་རྒྱུ་གལ་ཆེ་ཨང་།
གྱེར་ཀློག་པ། སྐལ་བཟང་རྣམ་རྒྱལ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།