སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་དོན་ཚོགས་འདུ་བསྡུས།
ཟླ12ཚེས5ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་དོན་ཚོགས་འདུ་ཟི་ལིང་དུ་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་བློའི་མོས་མཐུན་དང་བརྩེ་སེམས་མོས་མཐུན་ཆེ་རུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དེད་དེ་མདུན་སྐྱོད་བྱས་ནས། འཆར་གཞི་རེ་རེ་བཞིན་བཀོད་དེ་དུས་དང་རྣམ་པ་ཀུན་ཏུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས།
ཁྲིན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། མཐོ་སྒང་གི་བུ་བུ་མོ་དུས་དང་རྣམ་པ་ཀུན་ཏུ་ཐུགས་ལ་བཅངས་པ། འཕེལ་རྒྱས་ཀྱི་བླང་བྱར་ཐོག་མཐའ་བར་གསུམ་དུ་དོ་ཁུར་གནང་བ་བཅས་ལས་མཚོ་སྔོན་ལ་ཐུགས་ཁུར་ཟབ་མོ་གནང་བ་གང་ལེགས་སྒོས་མཚོན་ཡོད། འདས་སོང་ལ་ཕྱིར་མིག་བལྟས་ཚེ། མཚོ་སྔོན་གྱི་ལས་དོན་སྣ་ཚོགས་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་མཛད་པར་རག་ལས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་སྟོན་གནང་བར་རག་ལས་ཡོད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མུ་མཐུད་དུ་མངགས་བཅོལ་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་དྲིན་ཚོར་འབད་འབུངས་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བརྩེ་སེམས་ལ་དྲིན་ལན་འཇལ་དགོས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། སློབ་སྦྱོང་དམ་འཛིན་བྱེད་རྒྱུ་དེ་དུས་ཡུན་རིང་པོའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩི་བ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པའི་དོན་དངོས་ཀྱི་བྱ་སྤྱོད་ཅིག་ཏུ་བརྩིས་ཏེ། འགོ་ཁྲིད་གཙོ་བོས་སྔོན་ལ་སློབ་སྦྱོང་དང་ཚན་ཁག་གི་ཁོངས་མིས་མགྱོགས་མྱུར་ངང་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་དང་། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་དངོས་གནས་སློབ་སྦྱོང་དང་། དངོས་གནས་གོ་བ་ཟབ་མོ་ལེན་པ། དངོས་གནས་ཡིད་ཆེས་བྱེད་པ། དངོས་གནས་བཀོལ་སྤྱོད་བྱེད་པ་བཅས་ཀྱི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་འབད་བརྩོན་བྱེད་པར་སྐུལ་ཁྲིད་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་གཉེར་བྱེད་ཐབས་སློབ་སྦྱོང་བྱེད་པ། ས་གནས་ཤིག་གི་དཔོན་པོ་བྱེད་ན་ས་གནས་དེ་ལ་བདེ་སྐྱིད་སྐྲུན་པའི་འགན་འཁྲི་འཁུར་ཕོད་པ་བཅས་བྱེད་དགོས། ལག་ལེན་དམ་འཛིན་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་ནན་མོ་བྱེད་པའི་འགན་འཁྲིར་བརྩིས་ཏེ། ད་ལོའི་དམིགས་འབེན་ལས་འགན་ལེགས་འགྲུབ་དང་། སང་ལོའི་བྱ་བར་ཇུས་འགོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི་བཟོ་བ་བཅས་དང་ཟུང་འབྲེལ་བྱས་ཏེ། དོན་སྙིང་ཁོང་དུ་ཆུད་པ་དང་། རང་རྟོགས་ངང་དོན་འཁྱོལ་བྱེད་པ། འགན་འཁྲི“མཐའ་མའི་སྤྱི་ལེ་གཅིག”ཏུ་བརྒྱུད་ཁྲིད་བྱེད་པ། ནུས་ཤུགས་ཡོད་རྒུས“ལས་བྱེད་པས་སྒྲུབ་དགོས་པ་དང་། རིགས་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ” དེ་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ལ་བརྩོན་ལེན་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་དགོས། དོན་འཁྱོལ་དམ་འཛིན་བྱེད་རྒྱུ་དེ་མཚོ་སྔོན་གྱི་ལས་དོན་གྱི་མཚོན་རྟགས་མངོན་གསལ་ཞིག་ཏུ་བརྩིས་ནས། འཐབ་རྩོད་ཀྱི་སྙིང་སྟོབས་དང་། བཅོས་སྒྱུར་གསར་སྐྲུན་གྱི་སྙིང་སྟོབས། “གཟེར་འདེབས”ཀྱི་སྙིང་སྟོབས་བཅས་དར་སྤེལ་བྱེད་པ་དང་། མྱུར་བ་མྱུར་དུ་ལས་དོན་སྤེལ་བ་མ་ཟད། ཡུན་ནས་ཡུན་དུ་དམ་འཛིན་བྱས་ནས། འགོ་ཁྲིད་ཀྱིས་ལས་ཡུལ་དང་པོར་བཀོད་འདོམས་དང་། ལས་ཡུལ་དང་པོར་ཐབས་ཇུས་དོན་འཁྱོལ་བྱེད་པ། ལས་ཡུལ་དང་པོར་ལས་དོན་སྒྲུབ་པ། ལས་ཡུལ་དང་པོར་གནད་དོན་ལ་རྒྱུས་ལོན་བྱེད་པ། ལས་བྱེད་པས་ལས་ཡུལ་དང་པོར་སྦྱོང་བརྡར་བྱེད་པ། ལས་ཡུལ་དང་པོར་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པ་བཅས་བྱས་ཏེ། ལས་འགན་སྣ་ཚོགས་གཞི་རིམ་དུ་དོན་འཁྱོལ་དང་། བྱ་སྤྱོད་ཁྲོད་དོན་འཁྱོལ། བྱ་བའི་ཁྲོད་དོན་འཁྱོལ་བཅས་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་སྐབས་བསྟན་དོན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པར་བརྟེན་ནས་ཁ་ཕྱོགས་གསལ་བ་དང་འགན་འཁྲི་འཁུར་ཕོད་པར་བྱས་ཏེ། ཆབ་སྲིད་ཀྱི་ལྷག་བསམ་རྣམ་དག་དང་། འགན་འཁྲི་དང་ལས་འགན། དམངས་ལ་བརྩེ་སེམས་བཅངས་པ། ཡིད་ཆེས་ཀྱི་སྟོབས་ཤུགས། འབད་འཐབ་ཀྱི་ངར་ཤུགས་བཅས་སྔར་ལས་ཆེ་རུ་གཏོང་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཏེ། སྒུལ་ཤུགས་ཆེ་རུ་གཏོང་བ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་བརྟན་པ་དང་ཐོན་ལས་དག་པ། སྐྱེ་ཁམས་ཡག་པ། བཅོས་སྒྱུར་བཟང་བ། དམངས་འཚོ་ལེགས་པ། སྤྱི་ཡོངས་བདེ་འཇགས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱེད་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མཇུག་ལེགས་པོར་བསྡུ་བ་དང་འགོ་ཡག་པོར་བརྩམས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཧུར་ཐག་གིས་བཏོད་པ་དང་སྐྱེ་ཁམས་ཀྱི་བྱེད་ནུས་ཆེས་ཆེ་བ་མངོན་འགྱུར་བྱེད་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་ཤུགས་བསྣན་ཏེ། ཐོན་ལས་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཤུགས་ཆེན་པོས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་རྒྱུན་ཆད་མེད་པར་སྐོང་དགོས། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་ཤུགས་བསྣན་ཏེ། ཐོལ་བརྒལ་རང་བཞིན་ཆེ་བ་དང་སྐུལ་ཁྲིད་ནུས་པ་ཆེ་བའི་བཅོས་སྒྱུར་གྱི་བཀྲག་མདངས་འཚེར་ས་དང་ཁྱད་ཆོས་ལྡན་པའི་ཉམས་མྱོང་ཁག་ཅིག་ཆགས་ཐུབ་པར་བྱས་ནས། དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བརྩེ་སེམས་ལ་དྲིན་ལན་འཇལ་དགོས།
ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥུན་གྱིས་ཕུལ་བའི་ཞིང་ཆེན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཆི་ཧྥན་དང་། ལིའུ་མེ་ཕེན། ཝུ་ལ་ཙི་པེ་ཁེ﹒རེ་སུའུ་ལིས་ཧན། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ། ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན12དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་བཅས་ཀྱིས་ཡིག་ཐོག་སྙན་ཞུ་ཕུལ།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་སོ་སོ། དེ་མིན་གྲོང་ཁྱེར་དང་ཁུལ་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།