ཐེམ་ཆེན་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་གཞིས་བསྐྲུན།

文摘   2024-12-11 11:57   青海  

ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་མཁར་ཤར་སྡེ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་སྣེ་ཁྲིད་དུ་བཟུང་སྟེ་བདེ་སྐྱིད་ཀྱི་ཁྱིམ་གཞིས་མཉམ་བསྐྲུན་བྱས། 

       འཁྱག་གྲང་ཆེ་ཞིང་མཐོ་སྒང་གི་འཛིན་མོའི་ཁྱོན་དུ་ཁ་བས་ཡོངས་སུ་གཡོགས་པའི་དགུན་གྱི་དུས་འདིར། ང་ཚོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་དགུན་དུས་གཞི་རིམ་དུ་བསྐྱོད་པའི་བཅར་འདྲིའི་ཚན་ཆུང་ཐེམ་ཆེན་རི་བོའི་འདབས་རོལ་དུ་ཆགས་པའི་ཐེམ་ཆེན་རྫོང་དུ་བསླེབས། ཉེ་བའི་ལོ་འགའི་རིང་ལ་ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་མཁར་ཤར་སྡེ་ཁུལ་གྱིས་ཏང་འཛུགས་དང་མི་རིགས་མཐུན་སྒྲིལ་གཙོ་ཐིག་ཏུ་བཟུང་ཞིང་། ཏང་རྩ་འཛུགས་ཀྱི་བཙན་རྫོང་ནུས་པ་དང་ཏང་ཡོན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། སྡེ་ཁུལ་གྱི་མང་ཚོགས་དག་གི་དཀའ་ཁག་སེལ་རོགས་བྱས་ཏེ། འཆམ་མཐུན་དང་མཐུན་སྒྲིལ། རོགས་རེས་བཅས་ཀྱི་སྡེ་ཁུལ་གྱི་སྣང་ཚུལ་བཟང་བོ་ཞིག་ཆགས་པར་བྱས་ཡོད།

       ཤེས་ཡོན་གྲོང་རྡལ་མཁར་ཤར་སྡེ་ཁུལ་ནི་ཐེམ་ཆེན་རྫོང་གི་མི་གྲངས་ཅུང་མང་བའི་སྡེ་ཁུལ་ཅིག་ཡིན་ཞིང་། རྒྱ་རིགས་དང་བོད་རིགས། སོག་རིགས། ཧོར་རིགས་སོགས་མི་རིགས་དགུ་མཉམ་དུ་འཚོ་སྡོད་བྱེད་པ་དང་། སྡོད་དམངས་ཀྱི་སྤྱི་གྲངས་མི8500ལས་བརྒལ་ཡོད། ཉེ་བའི་ལོ་འགའི་རིང་ལ། མཁར་ཤར་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་ཞབས་ཞུའི་བྱེད་ནུས་འཛུགས་སྐྲུན་ལ་དམ་པོར་དམིགས་པ་དང་། གཅིག་དྲུག་དྲུག་དྲུག་གི་བྱ་བའི་བྱེད་ཐབས་གསར་གཏོད་དང་ཁྱབ་གདལ་དུ་བཏང་ནས། ཕྱོགས་ཡོངས་ནས་སྡེ་ཁུལ་གྱི་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཏང་དང་མང་ཚོགས་བར་འབྲེལ་ཟམ་བརྟན་པོ་བཙུགས་ཡོད། སྡེ་ཁུལ་གྱི་ལས་བྱེད་མི་སྣ་ཀུན་འགྲུབ་རྒྱ་མཚོས་བཤད་རྒྱུར།

   ང་ཚོ་ཤེས་ཡོན་གྲོང་རྡལ་མཁར་ཤར་སྡེ་ཁུལ་འདིར་མཚོན་ན། ཉིས་སྟོང་གསུམ་གྱི་ཟླ་བ་དྲུག་པར་གསར་དུ་བཙུགས་ནི་ཡིན། མི་གྲངས་སྟོང་བརྒྱད་དང་ལྔ་བརྒྱ་ཉེར་བཞི་ཡོད་ཅིང་མི་རིགས་དགུས་གྲུབ་ཡོད། ཉིས་སྟོང་ཉེར་གསུམ་ལོར་ང་ཚོ་སྡེ་ཁུལ་འདི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་རྟགས་མའི་དཔེ་སྟོན་ལས་ཁུངས་ལ་བདམས་པ་རེད། དེ་རིང་མཚོན་ནའང་ང་ཚོས་རྫོང་མི་དམངས་སྨན་ཁང་གི་སྨན་པ་སྡེ་ཁུལ་དུ་གདན་དྲངས་ནས། སྙིང་ནད་དང་ཁྲག་ཤེད་མཐོ་ཚད་སོགས་ལ་བརྟག་དཔྱད་བྱས་ཏེ། མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་ཞིབ་བཤེར་བྱེད་པའི་བྱ་འགུལ་སྤེལ་བ་ཡིན། དུས་རྒྱུན་དུ་ཡང་སྡེ་ཁུལ་གྱི་མང་ཚོགས་རྣམས་ལ་དམིགས་ནས། གླུ་དབྱངས་འགྲན་སྡུར་སོགས་སྤེལ་ནས་མི་རིགས་སོ་སོའི་ཁྱད་ཆོས་ལྡན་པའི་གླུ་སྐད་འབུར་ཐོན་དུ་བྱས་ཐོག་གར་སྟེགས་བསྐྲུན་ནས་བྱ་འགུལ་སྤེལ་ན་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།
   མཁར་ཤར་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་ཏང་ཡོན་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་པ་དང་། ཏང་ཡོན་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་དག་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ཏེ། སྔར་ལས་བརྩེ་བ་ཆེན་པོ་དང་ཁག་ཁུར་འདུ་ཤེས་བརྟན་པོས་བྱ་བ་དང་འཚོ་བའི་ཁྲོད་ཞུགས་སུ་བཅུག་ཡོད། སྡེ་ཁུལ་ཏང་ཀྲི་པུའུ་ཡིས་ཆེད་ལས་མི་སྣ་གདན་དྲངས་ནས་ཐུན་མོང་སློབ་སྦྱོང་དང་ཁྱིམ་ཚང་རེ་རེར་སོང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཁྲིམས་ལུགས་ཤེས་བྱ་སོགས་དྲིལ་སྒྲོག་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཉེར་མཁོའི་ཁྲིམས་ལུགས་ཤེས་བྱ་སོགས་མི་རེ་རེར་གསལ་བོར་ངེས་སུ་བཅུག སྡེ་ཁུལ་གྱི་ལས་བྱེད་མི་སྣ་ཀུན་འགྲུབ་རྒྱ་མཚོས་མུ་མཐུད་དུ་བཤད་རྒྱུར།

  ད་ལོར་མཚོན་ན་ལུས་རྩལ་བྱ་འགུལ་ཐེངས་གཉིས་སྤེལ། ཟླ་བདུན་པར་མི་རིགས་དགུའི་མང་ཚོགས་རྣམས་འདིར་བོས་ནས། མི་རིགས་རང་རང་གི་ཁྱད་ཆོས་ལྡན་པའི་ལུས་རྩལ་གྱི་རྣམ་གྲངས་བཀོད་སྒྲིག་བྱས་ཏེ་འགྲན་ཚོགས་ལ་ཞུགས་སུ་བཅུག་པ་ཡིན། དེ་བྱས་ན་མི་རིགས་སོ་སོའི་མཛའ་བརྩེ་ཇེ་ཟབ་ལ་འགྲོ་ཐུབ་པར་མ་ཟད། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་འདི་ཡང་ཇེ་མཐོར་འགྲོ་ཐུབ་པ་རེད། རྫོང་གི་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་མི་སྣ་སྡེ་ཁུལ་དུ་གདན་དྲངས་ནས། མང་ཚོགས་ཀྱིས་གོ་སླ་བའི་རྣམ་པའི་སྒོ་ནས་དཔེ་འཇོག་བྱས་ཐོག་ཁྲིམས་ལུགས་ཤེས་བྱ་དྲིལ་སྒྲོག་བྱེད་པའི་བྱ་འགུལ་སྤེལ། དེ་ལྟར་བྱས་ན་མང་ཚོགས་ཀྱི་སྤྱི་ཡོངས་ཀྱི་ཁྲིམས་ལུགས་ཀྱི་འདུ་ཤེས་ཀྱང་ཇེ་མཐོར་འགྲོ་ཐུབ་པ་རེད།
  མི་རིགས་མཐུན་སྒྲིལ་ཐད་ནས་མཁར་ཤར་སྡེ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བ་ལེགས་བཅོས་དང་དེར་ཤུགས་སྣོན་པའི་དགོངས་པ་གལ་ཆེན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་འཛུགས་ཀྱིས་གསར་འཛུགས་ལ་སྣེ་ཁྲིད་བྱེད་པ་དང་གསར་འཛུགས་ཀྱིས་ཏང་འཛུགས་ལ་སྐུལ་འདེད་གཏོང་བའི་བྱ་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དེ་སྡེ་ཁུལ་འཛུགས་སྐྲུན་གྱི་ཁྱབ་ཁོངས་དང་ཕྱོགས་མང་པོར་འདྲེས་པར་བྱས། སྡེ་ཁུལ་གྱིས་སེའུ་འབྲུ་ལྟ་བུའི་མཐུན་སྒྲིལ་གྱི་ཁྱིམ་གཞིས་གསར་བསྐྲུན་བྱས་ཏེ། ལོ་སར་དང་ཟླ་མཆོད་དུས་ཆེན་སོགས་དུས་ཆེན་གྱི་སྐབས་སུ་གླུ་དབྱངས་འགྲན་སྡུར་སོགས་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་སོ་སོའི་ཁྱད་ཆོས་ལྡན་པའི་རིག་གནས་བྱ་འགུལ་དང་། སྤྲོ་དགས་ཁེངས་པའི་ལུས་རྩལ་འགུལ་སྐྱོད་སོགས་སྤེལ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་ནང་དོན་མང་བའི་རིག་གནས་བྱ་འགུལ་ཁྲོད་ནས་སྔར་ལས་སྲ་བརྟན་དུ་བཏང་། དེའི་ཞོར་དུ་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་གསར་འཛུགས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། སེའུ་འབྲུ་ལྟ་བུའི་མཐུན་སྒྲིལ་གྱི་ཁྱིམ་གཞིས་གསར་འཛུགས་བྱེད་པ་དེ་ཁྱིམ་ཚང་སོ་སོའི་མ་སྐུལ་དང་བླངས་ཀྱི་བྱ་སྤྱོད་ཅིག་ཏུ་བསྒྱུར་ནས། ཏང་འཛུགས་ཀྱིས་སྣེ་ཁྲིད་བཟང་བོ་བྱེད་པ་དང་། རུ་ཁ་ཁྱིམ་མཚེས་བར་གྱི་འབྲེལ་བ་བཟང་བ། ཁོར་ཡུག་གཙང་སྦྲ་བཟང་བ། ཞབས་ཞུའི་དོ་དམ་བཟང་བ། མང་ཚོགས་ཀྱིས་སྔོན་འགོག་མཉམ་བཅོས་བཟང་བོ་བྱེད་པའི་བཟང་བོ་ལྔའི་སེའུ་འབྲུའི་གསར་འཛུགས་བྱ་བ་ལེགས་སྤེལ་བྱས། མཁར་ཤར་སྡེ་ཁུལ་གྱི་སྡེ་མི་ཚེ་རིང་བསྟན་འཛིན་གྱིས་བཤད་རྒྱུར།  
  ང་ཚོའི་སྡེ་ཁུལ་འདིར་མཚོན་ན། མི་རིགས་དགུ་ཡོད་པའི་སྡེ་ཁུལ་ཅིག་རེད། ང་རང་ཉིད་གནས་འདི་ནས་ལོ་མང་པོར་བསྡད་ནི་རེད། སྡེ་ཁུལ་གྱི་ལས་བྱེད་མི་སྣ་ཚོ་ངོ་མ་རླབས་ཆེན་རེད། རྒྱུ་མཚན་ཅི་ཡིན་ཟེར་ན། ཁོ་ཚོས་དམངས་ལ་ཕན་པའི་བྱ་བ་མང་བོ་ཞིག་སྒྲུབ་བཞིན་ཡོད། ང་ཚོའི་སྡེ་ཁུལ་འདིའི་ནང་ནས་རྩེད་མོ་དང་ཁྲིམས་ལུགས་སོགས་དང་། ཐ་ན་སྨན་བཅོས་རོགས་སྐྱོར་ཐད་ནས་མི་རིགས་གང་མང་ཞིག་གི་མི་སྣར་རོགས་སྐྱོར་ཆེན་པོ་ཐོབ་ཡོད།
   དམངས་ལ་ཞབས་འདེགས་ཞུ་བའི་ཐད་ནས་མཁར་ཤར་སྡེ་ཁུལ་གྱི་ཏང་ཀྲི་པུའུ་དང་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་གཙོར་བཟུང་སྟེ་སྡེ་ཁུལ་གྱི་སྡོད་དམངས་ལ་དཀའ་ཁག་སེལ་རོགས་བྱས་པ་དང་། ཁོངས་གཏོགས་སྡོད་དམངས་ལ་སྟབས་བདེའི་ཞབས་ཞུ་འདོན་སྤྲོད་བྱས་ནས་སྡེ་ཁུལ་རང་ལ་དྲོད་སྐྱིད་ལྡན་པར་བྱས།

   མཁར་ཤར་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡེ་ཤེས་མཚོ་ཡིས་བཤད་རྒྱུར། ང་ཚོའི་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་མུ་མཐུད་དུ་ཏང་འཛུགས་དང་མི་རིགས་མཐུན་སྒྲིལ་གཙོར་བཟུང་ནས། ཏང་རྩ་འཛུགགས་ཀྱི་བཙན་རྫོང་ནུས་པ་དང་ཏང་ཡོན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། སྡེ་ཁུལ་གྱི་མང་ཚོགས་ལ་དཀའ་ཁག་སེལ་རོགས་བྱས་ཏེ། སྡེ་ཁུལ་སྡོད་དམངས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ཡོད་ཟེར།

   མཁར་ཤར་སྡེ་ཁུལ་དུ་ཏང་འཛུགས་སྣེ་ཁྲིད་དང་མི་རིགས་མཐུན་སྒྲིལ་དེ་སྡེ་ཁུལ་གྱི་འཕེལ་རྒྱས་འདེགས་ཤུགས་གལ་ཆེན་དུ་བྱས་ཡོད་ཅིང་། མ་འོངས་པར་མཁར་ཤར་སྡེ་ཁུལ་གྱིས་མུ་མཐུད་དུ་ཏང་འཛུགས་སྣེ་ཁྲིད་གཏིང་ཟབ་ཏུ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱས་ཏེ། སྡེ་ཁུལ་གྱི་སྡོད་དམངས་དག་ལ་སྔར་ལས་སྤུས་ལེགས་དང་ནུས་མཐོའི་ཞབས་ཞུ་འདོན་སྤྲོད་བྱས་ནས། བདེ་འཇགས་དང་འཆམ་མཐུན། མཛེས་སྡུག་གི་སྡེ་ཁུལ་ཅིག་མཉམ་དུ་འཛུགས་སྐྲུན་བྱེད་རྒྱུ་རེད།

གསར་འགོད་པ། བསོད་ནམས་ཚེ་རིང་། ཚེ་མགོན་རྒྱལ། 

ཤ་བོ་རིན་མཚོ། ཏིང་འཛིན་མཚོ་མོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།





青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章