རྨ་གཡང་རྟགས་མའི་ལྷུག་རྩོམ་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ་པའི་རྩོམ།

文摘   2024-12-05 12:02   青海  




ན་གཞོན་ཞིག་གི་རྒས་ཉམས།

(ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོགངས་དཀར་འཚོ།

      སྤྱི་ཚོགས་ཡར་རྒྱས་ཀྱི་འགྲོས་དང་བསྟུན་ནས། འགྲིམ་འགྲུལ་བགྲོད་ལམ་གྱི་རིགས་སྣ་ཚོགས་སུ་འཕེལ་ཞིང་། འགྲིམ་འགྲུལ་ཡོ་བྱད་ཀྱི་རྣམ་གྲངས་དང་རྣམ་པའང་སྣ་མང་དུ་གྱུར། འདིས་མི་རྣམས་ཀྱི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་མོད། འོན་ཀྱང་། གནས་དང་དུས་མ་ངེས་པའི་ཉེན་ཁ་དང་ཆག་སྒོ་མང་པོ་ཞིག་ཀྱང་འགྲིམ་འགྲུལ་བྱེད་སྒོས་ཐོག་མཐའ་བར་གསུམ་དུ་བག་ལ་ཉལ་ཡོད་དེ། ཉམས་འཆལ་བ་དང་འགྲོས་ནོར་བ་ཙམ་གྱི་སྒྲིག་འགལ་ཞིག་གིས་ཚེ་གང་བོར་འགྱོད་གདུང་བཟོ་སྲིད་ལ། སྣང་མེད་ཧོལ་རྒྱུགས་ཐེངས་གཅིག་གིས་གཞན་ལ་སེལ་ཐུབ་མེད་པའི་སྡུག་བསྔལ་བཟོ་སྲིད། འགྲིམ་འགྲུལ་དོན་རྐྱེན་ཞིག་གི་རྒྱབ་ལོགས་སུ་ཡོད་པ་ནི་མི་བུ་མང་པོའི་ཚེ་སྲོག་ཡིན་ལ། ཁྱིམ་ཚང་གང་མང་ཞིག་གི་བདེ་སྐྱིད་ཀྱང་ག་ལ་མིན། འགྲིམ་འགྲུལ་དོན་རྐྱེན་ལ་སྔོན་འགོག་དང་ཚེ་སྲོག་ལ་གཅེས་པའི་འབོད་སྐུལ་ཞིག་ཞུ་བསམས་དུས། ཁོ་མོའི་དྲན་ངོགས་སུ་ནམ་ཡང་བརྗེད་པར་དཀའ་བའི་ན་གཞོན་ཞིག་གི་རྒས་ཉམས་འཁོར་བྱུང་།

  ཉིན་ཞིག་གི་ཞོགས་པར། ངས་ལམ་འགྲམ་བརྒྱུད་དེ་ལུག་ཁྱུ་དེད་ནས་འགྲོ་སྐབས། རླངས་འཁོར་བསྐོར་ཏེ་གྲོང་རྡལ་དུ་འགྲོ་བའི་ཕུ་བོ་རྒྱ་མཚོ(བསྡུས་མིང)དང་འཕྲད་བྱུང་། ཁོ་རང་གྲོང་རྡལ་དུ་སང་ཉིན་གྱི་ཁང་སྟོན་ལ་སྡེར་ཀ་ཉོ་རུ་འགྲོ་བཞིན་ཡོད་ཟེར། ལུག་ཁྱུ་སྔོན་ལ་ཤོར་བས་ངེད་གཉིས་ལ་མང་པོ་ཞིག་ལབ་ཁོམ་མ་བྱུང་བར། སང་ཉིན་འཇལ་ཡོང་ཞེས་སྨྲས་ཏེ་སོ་སོའི་སར་སོང་། ང་རང་མགྱོགས་པོར་ལུག་ཁྱུའི་རྗེས་ཆོད་དེ་ཕྱིར་ལྟ་ཙམ་བྱེད་དུས། ཕུ་བོ་རྒྱ་མཚོ་སྔ་མོ་ནས་རྒྱང་དུ་ཡལ་ཏེ་མི་མཐོང་བར་གྱུར། ངས་ཁ་ནསཨ་ལ་ལ། ད་མགྱོགས་ཀི་ཡཞེས་པའི་ཁེར་ལབ་ཅིག་ཀྱང་དབང་མེད་དུ་ཤོར། འོན་ཀྱང་། ང་ལ་ཧ་ཅང་ཡ་མཚར་གྱི་ཚོར་སྣང་མ་སྐྱེས་ཏེ། རྒྱུ་མཚན་འཕྲུལ་གྱི་རྟ་དེར་ཞོན་ནས་སྐད་ཅིག་ཏུ་ཡལ་འགྲོ་བའི་སྣང་ཚུལ་ནི་ནམ་རྒྱུན་གང་མང་མཐོང་མྱོང་ཞིང་ཐམས་ཅད་ཀྱི་བློ་ལའང་རྒྱུན་ལྡན་ལྟར་སྣང་།

  ལུག་ཁྱུ་རྩྭ་རར་བརྒྱབ་སྟེ་ཕྱིར་ཁྱིམ་དུ་ཐོན་དུས། ཨ་ཕས་ཕུ་བོ་རྒྱ་མཚོ་ལ་རླངས་འཁོར་དོན་རྐྱེན་བྱུང་སོང་ཟེར་སྐད་ཐོས་བྱུང་། ང་རང་ཡིད་མ་ཆེས་པར་སྔོན་ཏག་ཏག་ལ་ཁོ་དང་འཕྲད་ཚུལ་བཤད་དུས། ཨ་ཕསའཇིག་རྟེན་ན་རྟག་བྱ་མེད་ཟེར་བ་དེ་འདྲ་རེད། ད་སོ་མར་གོང་གི་སྡེ་མཚམས་ཀྱི་ལམ་མདོའི་དཀྱོགས་མཚམས་ནས་བྱིས་པ་ཞིག་དང་གདོང་ཐུག་བརྒྱབ་སྟེ། ད་གཉིས་ཀ་སྨན་ཁང་ལ་ཁྱེར་ཐལ་ཟེར། རླངས་འཁོར་དཀྱོགས་མཚམས་ནས་འཁོར་མ་ཐག་རྐང་རྩེད་སྤོ་ལོ་རྩེད་བཞིན་རྒྱུགས་ཡོང་བའི་བྱིས་པ་ཞིག་དང་ཏག་ཏག་མཉམ་ཐུག་བརྒྱབ་སོང་ཟེར། ད་བྱིས་པ་དེའི་གནས་ཚུལ་ད་རུང་གསལ་པོ་ཤེས་མེད་གི རྒྱ་མཚོར་སྐྱོན་ཆེན་པོ་མེད་གི་ཟེར་་་་་་ཨ་ཕས་མང་པོ་ཞིག་ལབ་ཀྱིན་འདུག ངས་ཁོའི་འགུལ་བཞིན་པའི་སྨྲ་སྒོ་ལ་ལྟ་བཞིན། རེ་ཞིག་མིག་མདུན་རབ་རིབ་ཏུ་གྱུར། ཅི་ཙམ་འགོར་བ་མ་ཤེས། གློ་བུར་བའི་ཁ་པར་ཞིག་གིས་ཧོན་འཐོར་ཏེ་ལུས་པའི་ང་ལ་ཕྱིར་རྣམ་ཤེས་བསྩལ། བྱིས་པ་དེ་མྱུར་སྐྱོབ་ཁང་ལ་ཁྱེར་ཐལ། སྨན་པས་ཀླད་པར་ཚབས་ཆེ་བའི་ཀླད་འགུལ་སྣང་ཚུལ་ཡོད་གི་ད་རུང་མཇུག་འབྲས་ཅི་འདྲ་ཡིན་པ་མི་ཤེས་གི་ཟེརཕ་གིའི་རེས་མཐོ་རེས་དམའ་བའི་སྐད་གདངས་ཀྱིས་སེམས་སུ་ཆེས་ངན་པའི་མཇུག་འབྲས་ལས་གང་ཡང་ཤར་རྒྱུ་མེད་པར་གྱུར། མིག་ལམ་དུ་བྱིས་པ་དེའི་ཁྱིམ་མིའི་ངུ་སྐད་དང་མིག་ཆུ། སྡུག་བསྔལ་དང་ལེ་བདའ་སོགས་མང་པོ་ཞིག་ཟློས་གར་འཁྲབ་པ་ནང་བཞིན་ཤར་ཡོང་ལ། ཕུ་བོ་རྒྱ་མཚོའི་སྐབས་འདིའི་གནས་ཚུལ་དང་མ་འོངས་པའི་འཚོ་བར་ཡང་འདང་རྒྱག་ཆེན་པོ་ཤོར། འོན་ཀྱང་ཆག་འཇིག་གི་མདུན་དུ་ང་ཚོ་ཅི་བྱ་གཏོལ་མེད་དུ་ལུས། ངས་ཐལ་མོ་སྦྱར་ནས་ཡང་བསྐྱར་གྲགས་ཡོང་ངེས་པའི་ཁ་པར་དེར་སྒུག་ནས་བསྡད། ཡུན་རིང་ཞིག་འགོར། ཐལ་མོ་སྦྱར་བའི་ལག་མཐིལ་ནས་རྔུལ་ཆུ་བཞུར་གིན་འདུག འཕར་ལྡིང་བྱེད་པའི་སྙིང་དབུས་སུ་ཁ་པར་དེ་ཐོན་ན་བསམས་ཡང་མ་ཐོན་ནའང་བསམས། ཏུའུ་ཏུའུ་་་་ངས་མིག་ཟུང་བཙུམས། ཐལ་མོ་དམ་པོར་སྦྱར། བྱིས་པ་དེ་མྱུར་སྐྱོབ་ཐོབ་ཐལ། སྨན་པས་ཀླད་པར་ཚབས་ཆེ་བའི་ཀླད་འགུལ་སྣང་ཚུལ་ཞིག་ཡོད་ཁུ་ཟེར། ད་སྲོག་ཉེན་མེད་ཐལ། རྒྱ་མཚོར་སྐྱོན་ཆེན་པོ་མེད་གི ད་སང་ཉིན་ཡོང་ན་བཤད་ཁྱོད་ཚོས་སེམས་ཁུར་བྱེད་མི་དགོསཨ་ཕའི་ཁ་པར་ལས་ཐོས་པའི་སྐད་ཆ་དེ་དག་གིས་ང་ལ་ཤུགས་རིང་འགའ་ཡང་ནས་ཡང་དུ་འབྱིན་དགོས་པའི་སྣང་བ་ཞིག་བྱིན།

   ཕྱི་ཉིན། ཕུ་བོ་རྒྱ་མཚོ་མཐོང་དུས་ཁོ་ལ་སྔར་མེད་ཀྱི་རྒས་ཉམས་ཤིག་ཤར་འདུག འོན་ཏེ། ཁོ་ཡང་ད་སོ་མར་མི་ལོ་ཉེར་ལྔར་སོན་མ་ཐག་པའི་ན་གཞོན་ཞིག་ཡིན། ད་ནི་ཁོས་རླངས་འཁོར་གྱི་དགེ་མཚན་ཤེས་པའི་ཞོར་ལ་རླངས་འཁོར་གྱི་ཉེན་ཁའང་ཚོར་ཡོད་སྲིད། 

  




གྱེར་ཀློག་པ། སྐལ་བཟང་རྣམ་རྒྱལ། 

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ། 

 རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ། 
ལྟ་སྐུལ་པ། ཕྱུག་ལོ། 
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། 

青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章