➤ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས18ཉིན་གྱི་ཕྱི་དྲོར་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨོ་མོན་དུ་ཕེབས་ཤིང་། ཚེས20ཉིན་འཚོག་རྒྱུ་ཡིན་པའི་ཨོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་། ཨོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་རྒྱུ་དང་འབྲེལ་ཨོ་མོན་དུ་གཟིགས་ཞིབ་ཀྱང་གནང་རྒྱུ་རེད།
➤ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་མོན་དུ་ཨོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་དང་ཐུག་འཕྲད་གནང་།
➤ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ཡག་པོར་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་།
➤རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔའི་བར་རྒྱལ་ཡོངས་ཀྱི་འབྲུ་རིགས་གཙོ་གཟུགས་སྣ་ཚོགས་ཀྱིས་རིམ་རྩིས་བྱས་ན་སྟོན་འབྲུ་ཏུན་དུང་ཕྱུར1.6ཉོ་སྒྲུབ་བྱས། ཉོ་སྒྲུབ་ཀྱི་མྱུར་ཚད་ལོ་གོང་མའི་དུས་མཚུངས་ལས་མགྱོགས།
➤དམངས་སྤྱོད་མཁའ་འགྲུལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར7ལས་བརྒལ་བ་དང་། ཉིན་རེར་ཆ་སྙོམས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི200ལས་བརྒལ་འདུག དུས་མཚུངས་ལས18.1%འཕར་ཡོད་ཅིང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
➤ཚེས18ཉིན་ཀྲུང་གོ་མི་དམངས་དངུལ་ཁང་དང་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར10རུ་རྒྱལ་ཁོངས་ལས་བརྒལ་བའི་སྤྱི་གཉེར་གྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གཞི་གཅིག་ཅན་གྱི་མ་དངུལ་རྫིང་བུའི་ལས་སྒོའི་ཚོད་ལྟའི་སྲིད་ཇུས་ཇེ་ལེགས་སུ་གཏོང་རྒྱུའི་གཏན་འབེབས་བྱས།
➤ཚེས18ཉིན། ཀྲུང་གོའི་བར་ཐག་རིང་འབྲིང་གི་མཚོ་ཐོག་སྐྱེལ་འདྲེན་གྱི་ཁོངས་གཏོགས་ཡིན་པའི“ཧྲང་ཧེ་གསར་པའི”གྲུ་གཟིངས་ཕེ་རུའི་ཆན་ཁའེ་གྲུ་ཁ(秘鲁钱凯港)ནས་ཧྲང་ཧེ་དབྱང་ཧྲན་གྲུ་ཁར(洋山港)འབྱོར། དེ་ཡིས་ཆན་ཁའེ་གྲུ་ཁ་ནས་ཧྲང་ཧེ་གྲུ་ཁའི་བར་གྱི་མཚོ་ཐོག་སྐྱེལ་འདྲེན་ཕྱོགས་གཉིས་ཕན་ཚུན་ཤར་གཏོང་ཐུབ་པ་མཚོན།
➤ཕྱི་འབྲེལ་པུའི་མགྲིན་ཚབ་པས《ལྷ་སྒྲུང་ནག་པོ། ཝུའུ་ཁུང་།》ཞེས་པར་གོ་ལ་ཧྲིལ་པོའི་ལོ་འཁོར་གྱི་རོལ་རྩེད་བྱ་དགའ་ཆེན་པོའི་ཁྲོད་བྱ་དགའ་ཐོབ་པར་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཁབ་ཁག་གི་གྲོགས་པོ་རྣམས་ཀྲུང་གོར་ཡོང་ནས་ཡུལ་དངོས་སུ་དྲ་ཐོག་གི་རིག་གནས་ཐོན་རྫས་དག་དངོས་སུ་ཉམས་ལེན་དང་། རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།
སྤྱི་ཚོགས།
➤ཚེས19ནས21ཉིན་བར། ཅུང་འཁྱག་པའི་མཁའ་རླུང་གི་ཤུགས་རྐྱེན་ཐེབས་པའི་དབང་གིས། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད། དེ་བཞིན་བྱང་རྒྱུད་ཀྱི་ས་ཁུལ་མི་ཉུང་བ་ཞིག་ལ་དགུན་ཟུག་རྗེས་ཀྱི་དྲོད་ཚད་དམའ་ཤོས་ཆགས་རྒྱུ་རེད།
➤ཚེས18ཉིན། སྤྱི་བདེ་པུའི་ཉེས་དོན་མྱུལ་ཞིབ་ཅུ་དང་དམངས་སྲིད་པུའི་དགེ་སྒྲུབ་བྱ་གཞག་སྐུལ་སྤེལ་སིས་ཉེན་ཁའི་དྲན་སྐུལ་ཁྱབ་བསྒྲགས་བྱས་ཏེ། དགེ་སྒྲུབ་ཀྱི་མིང་ཐོག་ནས་མགོ་སྐོར་གཏོང་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས།
➤ཚེས18ཉིན་ཀྲུང་གོ་བཟོ་སྐྲུན་ཁང་གིས“2024ལོའི་གོ་ལ་ཧྲིལ་པོའི་ལས་གྲྭའི་གྲུབ་འབྲས་ཆེན་པོ་བཅུ”ཡོངས་བསྒྲགས་བྱས། ཟླ་བའི་ལྷ་མོ་ཨང་དྲུག་པ་དང་མཉེན་གཤིས་མངོན་འཆར(柔性显示)སོགས་དེའི་ནང་ཚུད་ཡོད།
➤ད་ལོ་ཚུན་དུ་རྒྱལ་ཡོངས་ས་གནས་ཁག་གིས་གྲོང་གསེབ་ཀྱི་ས་མིང་ཁྲི38.8ལ་མིང་བཏགས་པ་དང་། གྲོང་གསེབ་ཀྱི་ས་མིང་མཚོན་རྟགས(地名标志)ཁྲི27.5བཀོད་སྒྲིག་བྱས།
➤ཉིན་ཤས་གོང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ཝང་པོ་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།
➤ཉེ་ཆར་ཕྱི་རྒྱལ་དུ་བྲོས་པའི་ལས་ཐོག་ཉེས་གསོག་དོགས་ཅན་ཏེ། པེ་ཅིང་འབྲུ་རིགས་ཚོགས་པ་ཚད་ཡོད་འགན་འཁྲི་སྤྱི་གཉེར་གྱི་དེ་སྔའི་སྤྱི་གཉེར་བ་གཞོན་པ་ཅང་ཕུང་ཅུས་ཀྱིས་མངའ་ཁོངས་ཕྱིར་རང་ཉེས་ངོས་ལེན་ཞུས་པ་དང་འབྲེལ་རྒྱལ་ནང་དུ་ཕྱིར་སྐྱེལ།
➤གནའ་རྫས་རྟོག་ཞིབ་མི་སྣས་ཉེ་ཆར་ཆིན་རྒྱལ་རབས་ཀྱི་དུར་བརྫངས་རྟ་དམག་ས་དོང་གཉིས་པ་ནས་མཐོང་དཀོན་པའི་མཐོ་རིམ་དཔོན་རིགས་དམག་གི་འཇུམ་སྐུ་རྙེད།
➤ཉེ་ཆར། ཅང་མོན་གྱི་རྡུལ་ཕྲ་རབ་ཚོད་ལྟའི་གཤེར་གཟུགས་ལྡུག་མགོ་བརྩམས། དེས་ཅང་མོན་གྱི་རྡུལ་ཕྲ་རབ་ཚོད་ལྟའི་འཛུགས་སྐྲུན་དེ་འགག་རྩའི་ལྷུ་ཚིགས་མཐའ་མར་སླེབས་པ་མཚོན།
➤ཧྲང་ཧེ་ཉེན་རྟོག་ཕྱོགས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཉོ་ཚོང་རྫུན་བཟོ་བྱས་ནས་འཛད་སྤྱོད་ཁ་གསབ་སྐོར་གྱི་མགོ་སྐོར་གཏོང་བའི་ཁྲིམས་འགལ་ཉེས་གསོག་གྱོད་གཞི་གཉིས་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན18འཛིན་བཟུང་བྱས།
➤ཉེ་ཆར་ཀྲེ་ཅང་ཧུའུ་ཀྲོའུ་ཡི་སྐྱེས་པ་ཞིག་སྟབས་མ་ལེགས་པར་རླངས་འཁོར་གྱི་འོག་ཏུ་ཚུད། ཉེན་ཁའི་དུས་སུ་ཉེ་འཁོར་མང་ཚོགས་རྣམས་གཅིག་རྗེས་གཉིས་མཐུད་ངང་ཡོང་ནས་མཉམ་དུ་རླངས་འཁོར་ཡར་བཀྱགས་ཏེ་རྨས་མ་བདེ་བླག་ངང་བསྐྱབས།
སྲིད་ཇུས།
➤ཅང་ཞི་ཡིས་བརྡ་ཐོ་པར་འགྲེམ་བྱས་ནས་ལས་བཟོ་བའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲའི་དྲ་ཐོག་མཉམ་སྤྱོད་ཁྱབ་ཁོངས་དེ་ཞིང་ཆེན་དེ་གའི་འགན་བཅོལ་ནང་ཞུགས་པའི་ཐད་ཀའི་གཉེན་ཚན་ནས་ཞིང་ཆེན་དེ་གའི་འགན་བཅོལ་ནང་ཞུགས་པའི་གཉེན་ཉེའི་བར་རྒྱ་སྐྱེད་བཏང་།
➤ཧྥུ་ཅན་གྱིས་ཡིག་ཆ་བཀྲམས་ཏེ། མི་སྒེར་གྱི་འཛད་སྤྱོད་པས་རླངས་འཁོར་གསར་བརྗེའི་བྱེད་སྒོའི་སྐབས་ཉོས་པའི་རླངས་འཁོར་གསར་པ་ཡིན་ཕྱིན་ངེས་པར་དུ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་དུ་ཐོ་འགོད་འགྲོ་ལུགས་གཉེར་དགོས་ཤིང་། ཐོ་འགོད་བྱ་ཡུལ་ལ་ཁྱད་པར་མེད།
➤ཀུའེ་ཀྲོའུ་ཡིས་བརྡ་ཐོ་པར་འགྲེམ་བྱས་ཏེ། སློབ་དེབ་ཀྱི་སྒྲ་བརྙན་ལྷན་ཐབས་སོགས་དཔྱད་གཞི་རྣམས་དགོས་མཁོ་གཞིར་བཟུང་སློབ་མ་ཚོས་རང་མོས་ངང་ཉོ་དགོས་པ་ལས་ཚན་པ་གང་འདྲ་ཞིག་ཡིན་རུང་སློབ་དེབ་དང་མཉམ་དུ་གཅིག་གྱུར་ཐོག་མངགས་ཉོ་དང་ཕྱིར་ཚོང་བྱེད་མི་ཆོག
དེ་རིང་གི་གནམ་གཤིས།
➤ཞིན་ཅང་ནུབ་རྒྱུད་ཀྱི་ས་བབ་མཐོ་བའི་རི་ཁུལ་དང་། ཐེན་ཧྲན་རི་རྒྱུད། ནང་སོག་གི་དབུས་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཉིང་ཞ། ཧྲའན་ཞི་ཞིང་ཆེན་གྱི་དབུས་ནུབ་རྒྱུད། སི་ཁྲོན་ས་མཐོའི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་དུ་ཀན་སུའུ་ཡི་ཤར་ལྷོ་རྒྱུད་དང་ཧྲའན་ཞི་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ་རེད། སི་ཁྲོན་གྱི་ཤར་རྒྱུད་དང་། ཡུན་ནན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་འགའ་ཤས་སུ་ཆར་ཟམ་ཟིམ་འབབ་རྒྱུ་རེད། དེའི་ནང་ཐའེ་ཝན་གླིང་ཕྲན་གྱི་དབུས་ཤར་རྒྱུད་ཀྱི་ས་ཁུལ་འགའ་ཤས་སུ་ཆར་འབྲིང་ཙམ་འབབ་རྒྱུ་རེད།
ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系