ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས།
ཟླ12པའི་ཚེས17ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་ལེན་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཚོགས་འདུར་མགོ་འཛིན་བྱས་ནས་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁྱོན་ཡོངས་ལ་གཅིག་འདོམས་དང་བསམ་བློ་གཏིང་ཟབ་བཏང་སྟེ། དཔལ་འབྱོར་ལས་དོན་ཡག་པོར་སྒྲུབ་པའི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་ཇེ་ཟབ་ཏུ་བཏང་བ་དང་། རྙོག་འཛིང་ཆེ་ལ་ཛ་དྲག་ཅན་གྱི་གནས་བབ་ལ་ཁ་གཏད་འཇལ་བའི་གཏན་ཚིགས་ཟབ་མོ་མངོན་པར་བསྟན་ཡོད་ཅིང་། དཔལ་འབྱོར་རྒྱུན་མཐུད་གོང་འཕེལ་དང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བརྡ་རྟགས་དྲག་པོ་བྱིན་པར་མ་ཟད། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་གསལ་འདོན་བྱས་ནས། ང་ཚོས་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་རྒྱུར་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཙུང་ལི་ལིས་ཆང་གི་སྤྱི་སྡོམ་གསུང་བཤད་ཁྲོད་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་ཏེ། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོར་བསྒྲུབ་རྒྱུའི་ཐད་བླང་བྱ་ཞིབ་ཕྲ་བཏོན་ཡོད། ཞིང་ཆེན་ཡོངས་ཀྱི་ས་གནས་དང་སྡེ་ཁག་སོ་སོས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་དངོས་སུ་གཅིག་གྱུར་ཡོང་བར་བྱེད་པ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ལག་ལེན་དོན་འཁྱོལ་དམ་འཛིན་ལེགས་པོ་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ལེགས་ཕྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྤྱིར་བཏང་མིན་པའི་གྲུབ་འབྲས་ལ་སློབ་སྦྱོང་དང་གོ་བ་ཡང་དག་བླངས་ནས། “གཏན་ཕབ་གཉིས”ནི་གཏན་འཁེལ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་འཇལ་བའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་གཏིང་ཤུགས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་པ་དང་། ཀྲུང་གོའི་དཔལ་འབྱོར་ཅིའི་ཕྱིར་ལེགས་པོ་ཡིན་པའི་ཆབ་སྲིད་ཀྱི་གཞི་རྟེན་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས་ལ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་ཡང་དག་ལེན་རྒྱུ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ནས། ཏང་ཀྲུང་དབྱང་གི་དཔལ་འབྱོར་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པའི་སྒོ་ནས་དོན་འཁྱོལ་ཡག་པོ་བྱེད་དགོས། ཏང་ཀྲུང་དབྱང་གི་དཔལ་འབྱོར་གནས་བབ་སྐོར་གྱི་བརྡར་གཅོད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་གོ་བ་ཡང་དག་ལེན་རྒྱུ་དང་། ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་བཟུང་བའི་ཆོས་ཉིད་ཀྱི་ངོས་འཛིན་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། ཕན་འབྲས་ཆེ་བའི་ཁྲོམ་ར་དང་འཇོན་ཐང་ཡོད་པའི་སྲིད་གཞུང་དང་། སྤྱིའི་མཁོ་སྤྲོད་དང་སྤྱིའི་དགོས་མཁོ། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྒུལ་ནུས་རྙིང་པ་གསར་སྒྱུར། འཕར་ཚད་ལེགས་གཏོང་དང་གསོག་ཚད་ཕན་སྒྱུར། སྤུས་ཚད་མཐོར་གཏོང་དང་སྤྱི་འབོར་ཆེར་གཏོང་བཅས་འབྲེལ་བ་གལ་ཆེན་ལྔ་ལ་གོ་བ་ཡང་དག་ལེན་རྒྱུ་བཅས་བྱས་ཏེ། སྔར་ལས་བློ་བརྟན་འགྱུར་མེད་དང་རང་འགུལ་ངང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་མཉམ་འདྲེས་དང་ཞབས་འདེགས་ཞུས་ནས། འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས། ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཁོར་ཡུག་ལ་གསལ་རྟོགས་ཡང་དག་གནང་བར་སློབ་སྦྱོང་དང་གོ་བ་བླངས་ཏེ། མ་མཐའི་མཚམས་ཐིག་གི་བསམ་གཞིགས་དང་མཐར་ཐུག་གི་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དཀའ་ངལ་གདོང་གིས་བསུས་ཏེ་མདུན་དུ་སྐྱོད་པ། དཀའ་ངལ་དང་འགྲན་རྩོད་ཀྱི་མདུན་དུ་དཔའ་མི་ཞུམ་པའི་བློ་སྤོབས་དང་ངེས་ཤུགས་ལ་བརྟེན་པ། དཔའ་ངར་ཞུམ་མེད་དང་འགན་འཁྲི་འཁུར་བར་བརྟེན་ནས་རླུང་རླབས་སྣ་ཚོགས་ཀྱི་ཉམས་སད་ལ་གདོང་གཏད་དེ། དཔལ་འབྱོར་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་ཁོང་དུ་བརྟན་པོར་ཆུད་པར་བྱེད་དགོས། ཏང་ཀྲུང་དབྱང་གི་སང་ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་འཕེལ་ཕྱོགས་ཀྱི་ཚན་རིག་དང་མཐུན་པའི་གཏན་འབེབས་ལ་སློབ་སྦྱོང་དང་གོ་བ་ཡང་དག་ལེན་རྒྱུ་དང་། དཔལ་འབྱོར་ལས་དོན་དམ་འཛིན་ཡག་པོ་བྱེད་པའི་སྲིད་ཇུས་ཀྱི་གཞི་གནས་དང་སྲིད་ཇུས་ཀྱི་ཕན་པ་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་ས་ནོར་བ་མེད་པར་འཚོལ་བ། དོན་འཁྱོལ་བྱེད་སྐབས་གོ་སྐབས་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་བ་སེལ་བ། བདེ་འཇགས་ལ་འགན་ལེན་བཅས་བྱས་ནས། ཏང་ཀྲུང་དབྱང་གིས་སྔར་ལས་དགེ་མཚན་ལྡན་ལ་བྱས་རྗེས་ཡོད་པའི་སྤྱིའི་སྲིད་ཇུས་དང་། རྒྱུན་གཏན་ལས་བརྒལ་ཞིང་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བཀོད་སྒྲིག་གི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས། ཏང་ཀྲུང་དབྱང་གིས་སང་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བར་སློབ་སྦྱོང་མཐར་ཕྱིན་དང་གོ་བ་མ་ནོར་བ་བླངས་ཏེ། ནུས་ཤུགས་ཡོད་རྒུས་འཛད་སྤྱོད་འཕེལ་བར་བྱེད་པ་དང་ནང་མཁོ་རྒྱ་སྐྱེད་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་བ། ཉེན་ཁ་འགོག་སེལ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། དམངས་ཚིས་འགན་ལེན་དང་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་ཡག་པོར་སྒྲུབ་པ། བྱ་བ་སྒྲུབ་ཐབས་ཞིབ་ཚགས་སུ་གཏོང་བ། ལས་འགན་གྱི་གསལ་ཐོ་འགོད་པ་བཅས་བྱས་ཏེ། རེ་རེ་བཞིན་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས། ཏང་ཀྲུང་དབྱང་གི་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པའི་སྐོར་གྱི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། “ལས་བྱེད་པས་སྒྲུབ་དགོས་པ་དང་རིགས་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ”བཅས་ཀྱི་བྱ་བའི་བླང་བྱ་ལག་བསྟར་ནན་མོ་བྱས་ནས། དམངས་ཚིས་འགན་ལེན་དང་བདེ་འཇགས་བརྟན་བརླིང་གི་ལས་དོན་ཁག་ཏན་ཏིག་ངང་ཡག་པོར་སྒྲུབ་པ་དང་། འགལ་བ་དང་རྩོད་གཞི་སྣ་ཚོགས་དང་ཉེན་ཁའི་འགལ་རྐྱེན་ཅི་རིགས་གྲལ་བཤེར་དང་སེལ་བ་བཅས་བྱས་ཏེ། ལོ་མཇུག་དང་ལོ་མགོའི་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་བར་འགན་ལེན་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་རྒྱུར་དམིགས་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་སྔར་ལས་ཟབ་སྤེལ་གཏོང་བ། མགོ་ཁུངས་སྲུང་སྐྱོབ་དང་ཆུ་བོའི་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ནས། སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་པའི་ལས་གཞི་སྔར་ལས་གང་མང་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པའི་ནང་འཇུག་རྒྱུར་བརྩོན་ལེན་བྱེད་དགོས། ནང་མཁོ་རྒྱ་སྐྱེད་གཏོང་རྒྱུར་དམ་པོར་དམིགས་ཏེ། དངུལ་གཏོང་དང་འཛད་སྤྱོད་ཀྱི་འགག་རྩ་གཉིས་དམ་འཛིན་ཡག་པོ་བྱེད་རྒྱུ་དང་། ལས་གཞི་གལ་ཆེན་གསོག་འཇོག་ལ་སྐུལ་འདེད་བཏང་ནས་འཕར་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་དང་མཚོ་སྔོན་པོའི་དཔེ་སྟོན་ཁུལ་བསྐྲུན་རྒྱུ་གཞི་རྟེན་དུ་བཟུང་ནས། ཡུལ་སྐོར་ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུར་དམིགས་པ་དང་འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱས་ཏེ། གཞི་གྲངས་ཅན་དེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པའི་གནད་འགག་གི་བྱེད་ཐབས་ཤིག་ཏུ་བརྩིས་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་དགོས། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་ལ་དམིགས་པ་དང་། ལོ་ཧྲིལ་བོའི་བཅོས་སྒྱུར་ལས་འགན་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་པ། ཚོང་གཉེར་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་གཏོང་བ། ཚོང་འགུག་དངུལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་རྒྱས་པར་བྱེད་དགོས། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུར་དམིགས་པ་དང་། རྒྱལ་ཁབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་ནང་འབད་པས་ཞུགས་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཟབ་སྤེལ་གཏོང་བ། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས་སོགས་ཀྱི་སྲིད་ཇུས་ཀྱི་ཕན་པ་ཡག་པོ་གང་ལེགས་སྒོས་སྤྱོད་པ་བཅས་བྱས་ཏེ། ཕྱོགས་ཡོངས་ཀྱི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏོང་དགོས། ས་གནས་ཀྱི་བུ་ལོན་སེལ་རྒྱུར་དམིགས་པ་དང་། རྒྱལ་ཁབ་ཀྱི་བསགས་འབོར་འཕར་འབོར་གྱི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ། ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་བ་བཅས་བྱས་ནས། “གཞི་རྩའི་དམངས་ཚིས་འགན་ལེན་དང་གླ་ཕོགས་འགན་ལེན། འཁོར་སྐྱོད་འགན་ལེན”བཅས་ཀྱི་ལས་དོན་ཁག་སོ་སོ་ཡག་པོར་སྒྲུབ་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་དམིགས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་རྒྱུན་མཐུད་ཀྱི་སྒོ་ནས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། གྲོང་གསེབ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། དམངས་ཚིས་འགན་སྲུང་དང་ལེགས་བཅོས་ལ་དམ་པོར་དམིགས་རྒྱུ་དང་། ལས་ཞུགས་ཞེས་པའི་དམངས་ཚིས་ཀྱི་རྩ་བ་འདི་དམ་འཛིན་བྱས་ཏེ། ལས་ཞུགས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སྟོན་དུ་འཛིན་རྒྱུ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་མུ་མཐུད་ཟབ་སྤེལ་བཏང་སྟེ། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལ་དམ་པོར་དམིགས་ཏེ། ཉམས་མྱོང་སྤྱི་བསྡོམས་དང་འཕེལ་ཕྱོགས་ལ་བརྡར་ཤ་གཅོད་པ། དེ་བཞིན་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཀོལ་སྤྱོད་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་དམིགས་འབེན་གཏན་འབེབས་བྱེད་པ། འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དང་བཅོས་སྒྱུར་བྱེད་ཐབས་གལ་ཆེན། བཟོ་བཀོད་ལས་གཞི་གལ་ཆེན་བཅས་ལ་འཆར་འགོད་ཡག་པོ་བྱེད་དགོས།
གྲོས་ཚོགས་ལས་བླང་བྱ་བཏོན་དོན། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོར་བསྒྲུབ་པར་ཅིས་ཀྱང་ཆབ་སྲིད་ཀྱི་ངོས་ནས་བལྟ་དགོས་ཤིང་ཆབ་སྲིད་ལ་བརྟེན་ནས་བསྒྲུབ་དགོས་པ་དང་། དཀའ་ངལ་ལ་བསམ་གཞིགས་གང་ལེགས་བྱེད་དགོས་ཤིང་། ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ཤུགས་རྒྱས་པར་སྔར་ལས་སྐུལ་སློང་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་དཔལ་འབྱོར་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱུ་དང་། “མགོ་ཁྲིད་གཙོ་བོས”དཔལ་འབྱོར་ལས་དོན་དམ་འཛིན་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་བྱེད་པའི་ནུས་པ་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱེད་དགོས། ཡང་དག་པའི་བསྔགས་སྐུལ་ལ་ཤུགས་བསྣན་ཏེ། ལས་སྒྲུབ་ལས་སྐྲུན་གྱི་འཐབ་ས་དང་པོ་རུ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་མངོན་གསལ་ཅན་གྱི་ལས་བྱེད་པ་འདེམས་སྤྱོད་བྱེད་དགོས་པ་དང་། དཔལ་འབྱོར་ཁྱབ་ཁོངས་ཀྱི་རུལ་སུངས་གྱོད་དོན་ལ་རྩད་ཞིབ་ཐག་གཅོད་ནན་མོ་བྱེད་པ། སྟོང་འཁོར་དང་མོག་འགྱུར། དོན་མེད་ཅན་སོགས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ལ་བཅོས་སྐྱོང་བྱེད་དགོས། དྲིལ་སྒྲོག་འཆད་འགྲེལ་ལ་ཤུགས་བསྣན་ནས། སྤྱི་ཚོགས་ཀྱི་སྔོན་དཔག་བཟང་པོ་འབད་པས་བསྐྲུན་རྒྱུ་དང་འཕེལ་རྒྱས་ཀྱི་རྣམ་པ་ཟབ་མོ་ཞིག་བསྐྲུན་དགོས།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系