འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་ཀོས་ནན་རྫོང་།

体娱   2024-11-05 18:44   青海  


ཀོས་ནན་རྫོང་གིས“མཐོ་སྒང་གི་གཅེས་ནོར”རིགས་དྲུག་ལ་བརྟེན་ནས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།








ཀོས་ནན་རྫོང་ནི་མདོ་ལ་རིང་མོའི་མཐའ་མཚམས་ནས་ཁུ་ནུ་རི་བོའི་བར་བརྒལ་ཁུལ་དུ་གནས་ཤིང་། ཚྭ་འདམ་གཤོངས་སའི་ཤར་རྒྱུད་ཀྱི་ཆ་ཤས་ཤིག་ཡིན། རྫོང་མཁར་དུ་བཞུར་བའི་མང་ཆུས་དུས་ཡུན་རིང་པོར་ཡུལ་དེར་བརྡབ་གསིག་སྣ་ཚོགས་ཐེབས་པ་བརྒྱུད། རྫོང་དེ་ནི་པད་ཚལ་ཆེན་པོ་ཞིག་ལྟར་རི་ཚོགས་ཀྱི་དབུས་སུ་འཕྲེད་ཀྱིས་ཉལ་ཡོད།

ཡུལ་དེར་རི་ཚོགས་ཕྲེང་དུ་བསྟར་ཞིང་ནོར་ལུག་བག་ཡངས་ངང་རྒྱུ་ལ། རྩྭ་ཐང་ཡངས་ཤིང་རྒྱ་ཆེ་སྟེ།“རྒྱུད་གཅིག་དང་ལུང་ཤུར་གཉིས་དང་ངོས་གསུམ”གྱི་དམིགས་བསལ་ས་དབྱིབས་ཀྱིས་སྤྱི་ལེ་གྲུ་བཞི་མ7000གི་སྐྱེ་ཁམས་རི་མོ་མངོན་ཡོད། ཡུལ་དེར་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན།ལོ་ངོ6000ལྷག་གི་སྔོན་ལ་དབྱི་ཕག་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་ལས་རྩྭ་ཐང་གི་བུ་བུ་མོ་ཁྲི7.4ཡི་སེམས་ཁམས་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཡོད། ཡུལ་དེའི་ཕྱུགས་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཀྱི་ཐོན་སྐྱེད་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ། “ལྕེ་ཐོག་གི་གདོད་མའི་ཞིམ་ཟས”ཞེས་ལྷད་མེད་ཀྱི་ཟས་ཞིམ་པོ་སྣ་ཚོགས་ཡོད་པ་དང་། “མཐོ་སྒང་གི་ཕྱུགས་རྩྭའི་ཕ་ཡུལ”དང་།“བོད་ཀྱི་འཚེམ་དྲུབ་གླུ་གར་གྱི་ཕ་ཡུལ”“ཀྲུང་གོའི་བོད་ལུག་ནག་པོའི་ཕ་ཡུལ”བཅས་སུ་གྲགས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམིགས་ཏེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། “ལྗང་མདོག་གིས་ཞིང་ལས་ལ་འདེགས་སྐྱོར་དང་།ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་སྤེལ།སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་སྤེལ།སྤུས་རྟགས་ལ་བརྟེན་ནས་ཞིང་ལས་སྟོབས་ཆེར་གཏོང་བ”ཡི་འདུ་ཤེས་ལྟར། “འདེབས་གསོ་ལས་སྣོན་དང་།ཐོན་མཁོ་ཕྱིར་འཚོང་།གསོ་སྤེལ་ཁྱབ་གདལ”བཅས་གཞི་གཅིག་ཅན་གྱི་བྱེད་ཐབས་ལ་བརྟེན་ནས། “སྐྱེ་ཁམས་དམིགས་སུ་འཛིན་པ་དང་རིམ་པ་སྤོར་བ།ཚན་རྩལ་གྱིས་སྣེ་ཁྲིད་པ།གཙོ་གཞི་གསོ་སྤེལ།འབྲེལ་མཐུད་སྲ་བརྟན།ལས་སྟེགས་ཀྱིས་འདེགས་སྐྱོར”བཅས་གཙོ་གནད་དུ་བྱས་ཏེ་རྫོང་ཁོངས་ཀྱི་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་།“བོད་ལུག་ནག་པོ་དང་ནོར་གནག ནས། སྐེ་ཚེ། ཤྭ་སྐྱ། བོད་ཀྱི་འཚེམ་དྲུབ”བཅས་ཀྱི་རང་སའི་ཁྱད་ཆོས་ལྡན་པའི“མཐོ་སྒང་གི་གཅེས་ནོར”རིགས་དྲུག་ཧུར་ཐག་གིས་བཏོད་དེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་མཁོ་སྤྲོད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་། 

མཐོ་སྒང་གི་མུ་ཏིག་ནག་པོ་རུ་བསྔགས་པའི་བོད་ལུག་ནག་པོ། 

བོད་ལུག་ནག་པོ་ནི་རྫོང་དེར་དམིགས་བསལ་དུ་ཡོད་པའི་ལུག་རྒྱུད་ཅིག་ཡིན་པ་དང་།ས་ཁོངས་ཡོངས་ཀྱི་སྐྱེ་ལྡན་རྩྭ་ར་དང་རང་བྱུང་གི་རི་ཆུ།དམིགས་བསལ་གྱི་རང་བྱུང་གསོ་སྤེལ་ཁོར་ཡུག་བཅས་ཀྱིས་ཡུལ་དེའི་བོད་ལུག་ནག་པོའི་ཤ་ཡི་བྲོ་བ་ཞིམ་ཞིང་འཚོ་བཅུད་ཕུན་སུམ་ཚོགས་པར་མ་ཟད། སྤྲི་དཀར་མང་བ་དང་ཨན་གཞི་སྐྱུར་མཐོ་བ།ཞག་ཚིལ་ཉུང་བ།རླན་ཚད་དམའ་བ་བཅས་ཀྱི་ཁྱད་ཆོས་ལྡན། མ་ཟད་མིའི་ལུས་ཁམས་ཀྱི་ནད་འགོག་ནུས་པ་དང་འཇུ་སྟོབས་ལའང་ཕན་པ་ཆེན་པོ་ལྡན་པས།དགུན་གྱི་དུས་སུ་བསྟེན་ན་རླུང་གསོ་བ་དང་ཁྲག་གི་འཁོར་རྒྱུག་ལ་ཕན་ཕྱིར། སྐྱེ་དངོས་རིག་པའི་རིན་ཐང་མཐོ་ཞིང་བྲོ་བ་ཞིམ་པའི་ཤ་ཟས་ཡག་པོ་ཞིག་ཡིན་ལ། རྒན་རྒོན་དང་བུད་མེད།ལུས་སྟོབས་ཞན་པའི་མི་ཚོགས་བཅས་ཀྱི་ལུས་ཁམས་གསོ་བར་མཆོག་ཏུ་བསྔགས།ཉེ་བའི་ལོ་འགར། ཀོས་ནན་རྫོང་གིས་ཐོན་ལས་དར་སྤེལ་ལ་ཤུགས་བསྣན་ནས་བོད་ལུག་ནག་པོའི“1210”འཕེལ་རྒྱས་གཏོང་སྟངས་དང་རིགས་རྒྱུད་སྲུང་སྐྱོང་དང་སྐྱེ་འཕེལ་བཟོ་འགོད་ལ་མུ་མཐུད་དུ་སྐུལ་འདེད་བཏང་བས། ལུག་ནག་ར་བ་ལྟེ་བར་བྱས་པའི་དཔེ་སྟོན་སྡེ་བ2ཡོད་པ་དང་། དཔེ་སྟོན་ཁང10ཡིས་བོད་ལུག་ནག་པོའི་རྒྱུད་བཟང་གསོ་སྤེལ་བྱས་པས། རྫོང་ཡོངས་ཀྱི་བོད་ལུག་ནག་པོའི་རྒྱུད་སྲུང་གཞི་ཁྱོན2019ལོའི་ཁྲི1.12ནས་ཁྲི་8.6བར་འཕར་ཏེ་འཕར་ཚད་ཀྱིས667.9%ཟིན། བོད་ལུག་ནག་པོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱུང་བ་དང་།རྒྱལ་ནང་དང་ཡོ་རོབ་མནའ་འབྲེལ་གྱི་སྐྱེ་ལྡན་བདེན་དཔང་ཡི་གེ་གཉིས་ཐོབ་པ། “རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས”དང“ས་ཁམས་མཚོན་རྟགས་བདེན་དཔང་ཚོང་རྟགས”ལ་གཏན་འཁེལ་བྱས་པ་བཅས་རྩྭ་ཐང་གི་མིང་དོན་མཚུངས་པའི“མུ་ཏིག་ནག་པོ”དང“གསེར་གྱི་མིང་བྱང”དུ་གྱུར་ཡོད།

མཐོ་སྒང་གི་གྲུ་གཟིངས་སུ་འབོད་པའི་ནོར་གནག 

ནོར་གནག་ནི་གནའ་ནས་ད་བར་དུ་ཀོས་ནན་རྫོང་འབྲོག་ཁུལ་གྱི་སྒོ་ཕྱུགས་གཙོ་བོ་ཞིག་ཡིན།ཡུལ་དེའི་ནོར་གནག་གི་ལུས་སྟོབས་ཆེ་ཞིང་ཤ་སྤུས་བཟང་ལ། ཁ་ལ་ཞིམ་པ་དང་སྤྲི་དཀར་དང་ལྕགས་དང་ཏི་ཚ་སོགས་ཀྱི་འཚོ་བཅུད་གཞི་རྒྱུ་མང་པོ་འདུས་པས།ལུས་ཟུངས་གསོ་བ་དང་ཕོ་བ་དང་མཚེར་བ་གསོ་བ།རྩ་དང་རུས་པ་གསོ་བ་སོགས་ཀྱི་ཕན་ནུས་ལྡན། ཉེ་བའི་ལོ་འགར། རྫོང་དེས་ཕྱུགས་རིགས་ཀྱི་རིགས་རྒྱུད་སྲུང་སྐྱོང་དང་ཐོན་ལས་སྤུས་ལེགས་འཕེལ་རྒྱས་ལ་ཤུགས་བསྣན་ཏེ་ནོར་གནག“ཁྲི་བརྒྱ་སྟོང”ཞེས་པའི་བཟོ་འགོད་དང་བཟང་སྒྲུག་བསྐྱར་གསོའི་བཟོ་འགོད་ལག་ལེན་བསྟར་བ་དང་། འབྲི་གཡག་ཁྲི་རིམ་པའི་གསོ་སྤེལ་རྟེན་གཞི2དང་།སྟོང་རིམ་པའི་གསོ་སྤེལ་རྟེན་གཞི8། བརྒྱ་རིམ་པའི་གསོ་སྤེལ་རྟེན་གཞི9། འབྲི་གཡག་གསོ་སྤེལ་རྟེན་གཞི3་བཅས་བཙུགས་པ་དང་། རིམ་རྩིས་ཀྱིས་འབྲི་གཡག་སྟོང་རིམ་པའི་ཚད་ལྡན་རྟེན་གཞི6དང་སྐྱེ་ཁམས་ཕྱུགས་ར12བསྐྲུན་ཏེ་རྫོང་དེའི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད། དེ་དང་ཆབས་ཅིག་འབྲི་གཡག་རྒྱུད་བཟང་འདེམ་གསོའི་ལག་རྩལ་དང་སྤུས་ལེགས་དང་ཕན་མཐོའི་གསོ་སྤེལ་ལག་རྩལ།འབྲི་གཡག་གི“ལོ་གཅིག་ལ་མངལ་གཅིག་འཁོར་བའི”གསོ་སྤེལ་ལག་རྩལ་བཅས་ཁྱབ་གདལ་ཧུར་ཐག་བཏང་ནས། འབྲི་གཡག་གི“གསུམ་འཕར་གསུམ་འཚམ”གྱི་གསོ་སྤེལ་བྱེད་སྟངས་གསར་པ་ཞིག་ཆགས་པར་བྱས་པས། འབྲི་གཡག་གསོ་སྤེལ་གྱི་དུས་འཁོར་ཇེ་ཐུང་དང་གསོ་སྤེལ་གྱི་མ་གནས་ཇེ་དམའ་རུ་སོང་སྟེ། ཕྱུགས་བཀག་རུང་གསོ་སྤེལ་མི་འགོག་པ་དང་ཕྱུགས་འཕྲི་ཡང་ཡོང་འབབ་མི་འཕྲི་བ་མངོན་འགྱུར་བྱས་ནས། “ མཐོ་སྒང་གི་གྲུ་གཟིངས”དེ“ཕྱུག་འགྱུར་གྲུ་གཟིངས”སུ་འགྱུར་བར་བྱས་ཡོད། མིག་སྔའི་བར་རྫོང་ཡོངས་སུ་རྒྱུད་བཟང་ཅན་དུ་གྱུར་ཚད་ཀྱིས70%ཟིན་པ་དང་། སྐྱེ་འཕེལ་ཐུབ་པའི་མོ་ཕྱུགས་ཀྱི་བསྡུར་ཚད65%ཟིན།

མཐོ་སྒང་གི་འབྲུ་རིགས་ཡག་ཤོས་ཏེ་ནས་འབྲུ

ནས་ནི་ཡུལ་དེའི་འབྲུ་རིགས་གཙོ་བོའི་གྲས་ཤིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སྲོལ་རྒྱུན་ཟས་རིགས་ཀྱི་འབྱུང་གནས་ཀྱང་ཡིན། མཐོ་སྒང་དུ་ཉི་འོད་འཕྲོ་ཚད་མཐོ་ཞིང་མཁའ་རླུང་གཙང་བས། ཡུལ་དེར་སྐྱེས་པའི་ནས་ནི་འབྲུ་རྡོག་ཆེ་ལ་འཚོ་བཅུད་ཕུན་སུམ་ཚོགས་པ།བཟའ་བཅའི་ཚི་སྣ་དང་འཚོ་བཅུད།གཏེར་རྒྱུ་སོགས་འཚོ་བཅུད་ཀྱི་གྲུབ་ཆ་མང་པོ་ལྡན་པ་ཞིག་ཡིན་པས། རྒྱུ་མ་བཤང་བ་གསོ་བ་དང་ཁྲག་མངར་སྙོམས་སྒྲིག་བྱེད་པ། མཁྲིས་རྒྱུ་གཤེར་རྩི་དམའ་རུ་གཏོང་བ་སོགས་ཀྱི་ཕན་ནུས་ལྡན། ཉེ་བའི་ལོ་འགར། ཀོས་ནན་རྫོང་གིས་རྨོ་ཞིང་སྲུང་སྐྱོང་གི་ཚད་མཐའ་ནན་པོར་སྲུང་བའི་རྨང་གཞིའི་སྟེང་། ཁྱད་ལྡན་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བར་བརྟེན། རྫོང་ཡོངས་སུ་ད་ལྟའི་མུའུ་ཁྲི་ཡི་ནས་ཐོན་སྐྱེད་རྟེན་གཞི1དང་།ལྗང་མདོག་སྤུས་ལེགས་དང་ཕན་མཐོའི་ནས་ཀྱི་དཔེ་སྟོན་ཁུལ་མུའུ་ཁྲི་1.6། མུའུ་ཁྲིའི་དཔེ་སྟོན་ཁུལ1དང་མུའུ་སྟོང་གི་དཔེ་སྟོན་ཁུལ5། མུའུ་བརྒྱའི་འགག་སྒྲོལ་ཞིང་ཁ10བཅས་ཡོད་པ་རེད། ད་ལོ་རྫོང་ཡོངས་ཀྱིས་མུའུ་ཁྲི22.4ལ་ནས་བཏབ་ཡོད་པ་དང་། སྔོན་དཔག་བྱས་ན་ལོའི་ཐོན་ཚད་ཏུན་ཁྲི་5.3ལ་བསླེབས་ཏེ་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2.24ཟིན་རྒྱུ་རེད། ཀོས་ནན་རྫོང་གི་ནས་ནི་ད་ལྟ་རྒྱལ་ཡོངས་སུ་སྐད་གྲགས་ཡོད་པའི་ཐེན་ཡིའུ་ཏེ་ནས་ཆང་གི་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། 

གསེར་མདོག་གི་མེ་ཏོག་མཚོ་སྟེ་སྐེ་ཚེ།

སྐེ་ཚེར་ཚད་མ་ལོངས་པའི་ཚིལ་སྐྱུར་དང་འཚོ་རྒྱུEསོགས་འཚོ་བཅུད་གྲུབ་ཆ་འདུས་པས།མཁྲིས་རྒྱུ་གཤེར་རྩི་ཇེ་དམའ་རུ་གཏོང་བ་དང་སྙིང་ཁམས་ཁྲག་རྩའི་ནད་སྔོན་འགོག་བྱེད་པ་སོགས་ཀྱི་ཕན་ནུས་ལྡན། ཀོས་ནན་རྫོང་ཁོངས་སུ་ཉི་འོད་ཕོག་ཡུན་རིང་བ་དང་ཉི་མའི་ཁྱབ་འགྱེད་ཆེ་བ།ཉིན་མཚན་གྱི་དྲོད་ཚད་ལ་ཧེ་བག་ཆེ་བ་བཅས་ཀྱིས་སྐེ་ཚེ་འདེབས་པར་ཕན་པ་ཆེན་པོ་ལྡན། ཉེ་བའི་ལོ་འགར། ཀོས་ནན་རྫོང་གིས་ཚན་རིག་དང་མཐུན་པའི་འཆར་འགོད་དང་ས་ཁོངས་བཀོད་སྒྲིག་ལེགས་པོ་བྱས་ཏེ། སྐེ་ཚེ་འདེབས་འཛུགས་ལག་རྩལ་དང་འདེབས་འཛུགས་བྱེད་སྟངས།ཐོན་རྫས་ཀྱི་སྤུས་ཚད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ད་ལོ་སྣུམ་རྒྱུའི་ལོ་ཏོག་མུའུ་ཁྲི10.46བཏབ་པ་དང་། སྔོན་དཔག་བྱས་ན་ལོའི་སྣུམ་རྒྱུའི་ཐོན་ཚད་ཏུན་ཁྲི་1.3དང་སྐེ་ཚེའི་སྦྲང་རྩི་ཏུན་ཁྲི10ཐོན་སྐྱེད་ཐུབ་རྒྱུ་རེད། ནང་སྒོས་སུ་མུའུ་ཁྲིའི་སྐེ་ཚེའི་ཞིང་ཁས་ཡུལ་སྐོར་པ་མང་པོ་ཞིག་བཀུག་པ་མ་ཟད། སྦྲང་གསོའི་ཐོན་ལས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཀྱང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐེ་ཚེ་དང་སྐེ་ཚེའི་སྦྲང་རྩི་ཐོན་ཁུལ་གཙོ་བོའི་གྲས་སུ་གྱུར་ཡོད།

ལུས་སྟོབས་གསོ་བའི་མཆོག་སྟེ་ཤྭ་བ་སེར་ཆེན། 

ཀོས་ནན་རྫོང་ཁུལ་དུ་སྔོན་ཆད་ནས་ཤྭ་ཁྱུ་སྐྱེ་འཕེལ་བྱེད་ཀྱི་ཡོད།ཤྭ་རྭ་སྡེ་བ་ཞེས་པ་ཡང་ཡུལ་དེའི་ནགས་ཚལ་གྱི་ག་ས་ཀུན་ཏུ་ཤྭའི་ར་ཅོ་མཐོང་རྒྱུ་ཡོད་པས་མིང་ཡང་དེ་ལྟར་ཐོགས་སྐད།ཤྭ་བའི་ཤ་ལ་ཞག་ཚིལ་ཉུང་བ་དང་སྤྲི་དཀར་མང་བའི་ཁྱད་ཆོས་མངོན་གསལ་ལྡན་པ་དང་།ཤའི་བྲོ་བ་ཞིམ་པ་དང་འཚོ་རྒྱུ་དང་གཏེར་རྒྱུ་མང་པོ་ཡོད་པས།མི་ལུས་ལ་མཁོ་བའི་འཚོ་བཅུད་ཁ་གསབ་བྱས་ནས་གཟུགས་གཞི་བདེ་ཐང་དུ་གཏོང་ཐུབ། ཤྭ་རྭའི་ནང་ཨན་གཞི་སྐྱུར་དང་ལིན་ཚིལ།འཚོ་བཅུད།དེ་བཞིན་ཚད་ཉུང་གཞི་རྒྱུ་བཅས་མང་པོ་འདུས་ཡོད་པ་མ་ཟད། རྩ་ཆེ་བའི་ལུས་སྟོབས་གསོ་བའི་སྤུས་ལེགས་ཐོན་རྫས་ཤིག་ཡིན་པས།སྨན་གྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཞིང་།ལུས་པོའི་བདེ་ཐང་དང་ནད་འགོག་ནུས་པ་མཐོ་རུ་གཏོང་ཐུབ། ཉེ་བའི་ལོ་འགར།ཀོས་ནན་རྫོང་གིས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱས་ནས་གསོ་སྤེལ་དུད་ཚང་ཆེ་གྲས་དང་སྡེ་བའི་ཐུན་མོང་མཉམ་ལས་ཁང་ལ་ཁྱད་ལྡན་གསོ་སྤེལ་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུའི་ལྕག་སྐུལ་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་བས། རྫོང་ཡོངས་སུ་ཤྭ་བ་ཁྲ་རིས་དང་ཤྭ་བ་སེར་ཆེན་བསྡོམས་པས210ལྷག་ཙམ་ཡོད་པ་དང་། ཤྭ་རྭ་དང་ཤྭ་ཆང་སོགས་ལས་སྣོན་ཞིབ་ཚགས་བྱས་པའི་ཤྭ་བའི་ཐོན་རྫས་རིགས10ལྷག་ཙམ་ཡོད། 

སོར་རྩེའི་སྒྱུ་རྩལ་ཏེ་འཚེམ་དྲུབ།

ཀོས་ནན་རྫོང་ནི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”ཡིན་པ་དང་།རྫོང་ཡོངས་སུ་ད་ལྟ་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་ལས་གཞི22ཡོད་པའི་ཁྲོད། ཚབ་མཚོན་རང་བཞིན་ལྡན་པ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི“ཀོས་ནན་རྫོང་གི་བོད་རིགས་འཚེམ་དྲུབ་མ”ཡིན་ལ། འཚེམ་དྲུབ་ཐོན་རྫས་ཀྱི་ཚོན་མདོག་རྣམ་པར་བཀྲ་ཞིང་མི་སྣ་གསོན་ཉམས་དོད་པ།བཟོ་རྩལ་ངོ་མཚར་ཆེ་བ་ཞིག་ཡིན།

སྔར་ཡོད་ཀྱི་རྨོ་འདེབས་ཤེས་དཔལ་དང་ཡུན་རིང་གི་ལོ་རྒྱུས་རིག་གནས་ལ་སྒྱུ་རྩལ་གྱི་མྱོང་རོལ་རིན་ཐང་དང་ཉར་ཚགས་རིན་ཐང་ཆེན་པོ་ལྡན། ཉེ་བའི་ལོ་འགར། ཀོས་ནན་རྫོང་གིས་བོད་ཀྱི་འཚེམ་དྲུབ་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་ཤུགས་ཆེན་བྱས་ཏེ་རིམ་རྩིས་ཀྱིས་མ་དངུལ་སྒོར་ཁྲི1350བཏང་སྟེ་བོད་ཀྱི་འཚེམ་དྲུབ་ཐོན་རྫས་ཞིབ་སྤེལ་དང་།རྒྱུན་འཛིན་མི་སྣ་གསོ་སྐྱོང་།བཟོ་རྩལ་གསར་གཏོད་བཅས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས། བོད་ཀྱི་འཚེམ་དྲུབ་ཐོན་ལས་ཅན་དང་སྣ་མང་ཅན་དུ་འགྱུར་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་། རྫོང་ཡོངས་སུ་ད་ལྟ་བོད་རིགས་ཀྱི་འཚེམ་དྲུབ་ཞིབ་སྤེལ་རྟེན་གཞི2དང་།འགྲེམས་སྟོན་ལྟེ་གནས3། འཚེམ་དྲུབ་ཁང20། དབུལ་སྐྱོར་གསོ་སྦྱོང་ས་ཚིགས4བཅས་ཡོད་པ་དང་། འཚེམ་དྲུབ་ལས་ཞུགས་མཁན་4800(དེའི་ནང་ཐོན་སྐྱེད་གཉེར་སྐྱོང་ནང་ཞུགས་མཁན2600ལྷག་ཙམ་ཟིན་པ)ཡོད་ལ། འགེལ་ཆས་དང་སྔས་འབོལ་སོགས་བོད་རིགས་ཀྱི་འཚེམ་དྲུབ་ཐོན་རྫས་རིགས10ལྷག་ཞིབ་སྤེལ་བྱས་ཡོད། ཉེ་བའི་ལོ3རིང་། རྫོང་དེའི་བོད་རིགས་འཚེམ་དྲུབ་ཐོན་ལས་ལ་རིམ་རྩིས་ཀྱིས་ཐོན་རྫས་རིན་ཐང་སྒོར་ཁྲི་5000ལས་བརྒལ་བ་དང་། བོད་རིགས་ཀྱི་འཚེམ་དྲུབ་ཐོན་ལས་དེ་རིག་གནས་རྒྱུན་འཛིན་གྱི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩིས་ནས་རྫོང་དེའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། 

དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།། རང་བྱུང་མཛེས་ལྗོངས་དང་ཡུལ་གོམས་གཤིས་ལུགས་ཉམས་ལེན། མཐོ་སྒང་གི་ཞིམ་ཟས་ཉམས་སུ་མྱོང་བ།ལྕེ་ཐོག་གི་ཀོས་ནན་བཅས་ལ་མྱོང་རོལ་བཅས་བྱ་རྒྱུ་ནི་ཡུལ་དེའི་རིག་གནས་སྣང་ཚུལ་སྣ་ཚོགས་ཡག་ཤོས་སུ་འགྱུར་ངེས། །



བསོད་ནམས་འཚོས་བསྒྱུར། 

རྩོམ་སྒྲིག་པ།  ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་འགན་འཁུར་པ། རྡོ་རྗེ་བསམ་འགྲུབ།
ལྟ་སྐུལ་པ། རིག་འཛིན་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཐུ་བོ་ཆེ།

中国藏族网通
中国藏族网通官网:www.tibet3.com 及时发布藏区最新资讯,挖掘民间传统文化,分享精美视听盛宴。
 最新文章