གངས་ལྷགས་ཁྲོད་ཀྱི་གསེར་དངུལ་ཐང་།

体娱   2024-11-05 19:55   青海  


གངས་ལྷགས་ཁྲོད་ཀྱི་གསེར་དངུལ་ཐང་།



ལོ་ངོ60ལྷག་གི་ཡར་སྔོན་དུ221རྟེན་གཞི་བསྐྲུན་ཆེད་འབྲོག་པ6700ལྷག་གནས་སྤོར་ལམ་དུ་བསྐྱོད།

གསེར་དངུལ་ཐང་ལ་སྙན་ངག་གི་ཉམས་འགྱུར་དང་འཆར་ཡན་གྱིས་ཕྱུག་པའི་མིང་མང་པོ་ཞིག་ཡོད། འདི་ནི་མཚོ་སྔོན་པོའི་བྱང་ངོགས་སུ་གནས་པའི་རྩྭ་ཆུ་འཛོམས་པའི་རྩྭ་ཐང་ཞིག་ཡིན་ལ། ལོ་རེའི་དབྱར་དུས་སུ། གསེར་མདོག་དང་དངུལ་མདོག་གི་མེ་ཏོག་སྣ་ཚོགས་གང་སར་རབ་ཏུ་བཞད་ཅིང་། དེ་ནི་མཚར་སྡུག་གིས་རྣམ་པར་བཀྲ་ཞིང་མཛེས་སྡུག་གི་དཔལ་གྱིས་བལྟམས་ཡོད། ལོ་ངོ60ལྷག་གི་ཡར་སྔོན་གྱི་སྟོན་དུས་དེར། ཧ་ལམ་ཞག་གཅིག་གི་རིང་ལ་ས་གནས་དེའི་འབྲོག་པ་མང་ཚོགས་ཁྱིམ་ཚང་ཆིག་སྟོང་ལྷག་ཕ་ཡུལ་ནས་ཁ་གྱེས་ཏེ། རྒྱུས་མེད་པའི་ཡུལ་གཞན་དུ་གནས་སྤར་བ་རེད། དེ་ནས་བཟུང་། ཁོ་ཚོའི་རྒྱབ་ལོགས་ཀྱི་གསེར་དངུལ་ཐང་ཞེས་པའི་ས་མིང་འདི་ས་བཀྲའི་སྟེང་ནས་གར་སོང་ཆ་མེད་དུ་གྱུར་ཅིང་། དེའི་ཚབ་ཏུ་བྱུང་བ་ནི་ལྐོག་གྱུར་གྱི་ཚབ་རྟགས་ཤིག་སྟེ། 221ཅེས་པ་དེ་ཡིན།

ད་ལྟ། གསེར་དངུལ་ཐང་འདི་ཉིད་གང་སར་སྐད་གྲགས་ཆོད་པའི“ཀྲུང་གོའི་རྡུལ་ཕྲན་གྲོང་ཁྱེར”དུ་གྱུར་ཡོད། “འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་སྙིང་སྟོབས་ཀྱི་འབྱུང་ཁུངས་དང་། རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་པོ་དང་ཆིང་མདེལ་དང་པོའི་འབྱུང་ཡུལ་ཡིན་པའི་ཆ་ནས། དེར“ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་དགྱེ་བའི་གནས”སུ་གྲགས།
དེ་བས། གངས་ལྷག་ཁྲོད་གནས་སྤར་བའི་གཏམ་རྒྱུད་དེ་ལ་ཕྱིར་དྲན་བྱེད་འོས། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གི་ཁྱིམ་ཚང1279དང་འབྲོག་པ6700ལྷག་གིས་རང་ཁྱིམ་དོར་ནས་རྒྱལ་ཁབ་ཀྱི་ལ་རྒྱ་དང་། 221རྟེན་གཞི་འཛུགས་སྐྲུན་གྱི་ཆེད་དུ། མི་རབས་ནས་མི་རབས་བར་འཚོ་སྡོད་བྱས་པའི་གསེར་དངུལ་རྩྭ་ཐང་ནས་གནས་སྤར་ཏེ། སྤྱི་ལེ500ཡི་སར་གནས་པའི་མདོ་ལ་རིང་མོའི་དབུས་ཁུལ་དུ་ཁྱིམ་གཞིས་བསྐྱར་སྐྲུན་བྱས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་རྒྱུས་ནི་མི་དམངས་ཀྱིས་བྲིས་པ་ཞིག་ཡིན་པ་དང་། གྲུབ་འབྲས་མཐའ་དག་ནི་མི་དམངས་ལ་བརྟེན་ནས་བྱུང་བ་ཞིག་ཡིན”པར་བསྟན་ལ། རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་པོ་དེ་འབར་གས་བྱུང་ནས་ལོ་ངོ60ལོན་པ་དང་། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་བཏོན་ནས་ལོ་ངོ25ལོན་པའི་སྐབས་འདིར། ལོ་རྒྱུས་དེར་ཕྱིར་དྲན་བྱེད་སྐབས་རྟེན་གཞིའི་འཛུགས་སྐྲུན་གྱི་ཆེད་དུ་ཁྱིམ་གཞིས་དང་རྩྭ་ས་ཕུལ་བའི་འབྲོག་པ་མང་ཚོགས་ཀྱིས་ལེགས་སྐྱེས་དང་དཀའ་སྤྱད་འབད་བརྩོན་བྱས་པ་དེའང་ནམ་ཡང་བརྗེད་དུ་མི་རུང་བ་ཞིག་རེད།
འབྲོག་པ་མང་ཚོགས་རྣམས་ཀྱིས་ཅིའི་ཕྱིར་གནས་སྤོར་དགོས་པ་མི་ཤེས་མོད། ཡིན་ནའང་མི་ཚང་མས་ལས་འགན་དེར་ཕྱིར་བཤོལ་གཏན་ནས་བྱས་མེད།

འཕྲུལ་རྨོ་སྐལ་བྷེ་ནི་དེ་སྔའི་ཧེ་ཡན་རྫོང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཡིན། ཁོང་གིས་དམངས་ཁྲོད་ཀྱི་གཏམ་རྒྱུད་འཚོལ་བསྡུ་བྱེད་སྐབས། བགྲེས་སོང་ཁག་གཅིག་གི221རྟེན་གཞིའི་སྐོར་གྱི་གཏམ་རྒྱུད་ལ་མཉན་པ་རེད། རྒན་པོ་དེ་དག་ནི1958ལོར་ཕ་མ་དང་མཉམ་དུ་ཆི་ལེན་རྫོང་དུ་གནས་སྤར་བ་ཏག་ཏག་རེད། དུས་ཀྱི་འཁོར་འགྲོས་འོག སྔོན་ཆད་ཀྱི་བྱིས་པ་ཆུང་ཆུང་དེ་དག་ད་ལྟ་ལོ་བདུན་ཅུ་བརྒྱད་ཅུ་ཅན་གྱི་རྒན་པོར་གྱུར་ཞིང་། གནས་སྤོའི་གཏམ་རྒྱུད་དེ་དག་ཀྱང་ལོ་ཟླའི་ཕྱིར་དྲན་ཁྲོད་ནས་རིམ་གྱིས་ཇེ་གསལ་ནས་ཇེ་གསལ་དུ་གྱུར།

འཕྲུལ་རྨོ་སྐལ་བྷེ་ཡིས་བཤད་རྒྱུར། 1958ལོར་རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞི་དང་པོ་དེ་ཧེ་ཡན་རྫོང་གསེར་དངུལ་རྩྭ་ཐང་དུ་དངོས་སུ་བདམས་པ་དང་། ས་གནས་དེ་གའི་ཤང་དང་གྲོང་རྡལ་ཁག་གཅིག་གི་མང་ཚོགས་སྐོར་ཞིག་དགོས་མཁོ་ལྟར་རྐང་ཚ་དང་ཆི་ལེན་སོགས་སུ་གནས་སྤོས་པ་རེད། གསང་སྲུང་གི་དགོས་མཁོའི་དབང་གིས། ཐེངས་དེའི་གནས་སྤོ་མ་བྱས་གོང་དྲིལ་བསྒྲགས་མི་བྱེད་པ་དང་། འགྲེལ་བཤད་མི་བྱེད་པ། ཚོགས་འདུ་མི་འཚོག་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས།
ལོ75ལ་སླེབས་པའི་མཚོ་བྱང་ཁུལ་ཆི་ལེན་རྫོང་གཡང་ལུང་ཤང་ཆུ་ཁོག་གྲོང་ཚོའི་བོད་རིགས་རྒན་པོ་ཀུན་འགྲུབ་ཀྱིས་བཤད་རྒྱུར།“ཉིན་དང་པོར་བརྡ་ཐོ་འབྱོར་མ་ཐག ཕྱི་ཉིན་ནས་གང་མགྱོགས་ཀྱིས་གནས་སྤོ་མགོ་བརྩམས་པ་ཡིན”ཟེར། གནས་སྤོ་བྱེད་སྐབས། ཁོང་ལོ10ལའང་སོན་མེད། སྐབས་དེར་ཁྱིམ་དུ་སྦྲ་གུར་གཉིས་ཡོད་པ་དང་། སྦྲ་གུར་གཅིག་ལས་སྤོ་མ་ཐུབ་པར་གཞན་པ་དེ་དེ་གར་བསྐྱུར་བ་ཡིན་ཞེས་ཕྱིར་དྲན་བྱས།
གནས་སྤོའི་ལམ་བུར་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་དེ། ཐོག་མར་ཧ་ཅང་ཡ་ང་བའི་རང་བྱུང་ཆ་རྐྱེན་ཡིན་ཞིང་། གནམ་གཤིས་ཧ་ཅང་སྡུག་པས་རྡུལ་ཟེགས་ངོ་གདོང་དུ་འཕུར་དུས་ཚ་རེག་རེག་བྱེད། སྐབས་དེར་ཧེ་ཡན་ནས་ཆི་ལེན་བར་དུ་གཞུང་ལམ་མེད་པ་དང་། ཚང་མ་རི་ལམ་ཕྲ་མོ་ཡིན་ཞིང་། ཆ་སྙོམས་ཀྱི་ས་བབ་སྨི4000ཡན་ཟིན་གྱི་ཡོད། ལམ་བར་དུ་ཁངས་ཆེན་པོ་ཞིག་བབས་ནས་ཅང་མ་འགོར་བར་ས་གཞི་གངས་འཁྱག་གིས་བསྡམས་པ་དང་། ནོར་ལུག་མང་པོ་ཞིག་ཀྱང་འཁྱག་ལྟོགས་ཀྱིས་མནར་ནས་ཤི་བ་རེད། འཕྲུལ་རྨོ་སྐལ་བྷེ་ཡིས་རྒད་པོ་ཞིག་གི་ཁ་ནས་གོ་བ་ལྟར་ན། འཇུ་ལག་གཙང་པོ་བརྒལ་སྐབས་ལུག600ལྷག་ཆུས་འཁུར་སོང་ཟེར།
ཟླ10པའི་ཟླ་སྨད་ཀྱི་མཐོ་སྒང་གི་གནམ་གཤིས་ཧ་ཅང་གྲང་བ་དང་། ལག་པ་འཁྱགས་ནས་སྦྲ་སྒོ་ཡང་ཕྱེས་མི་ཐུབ་སྟབས། སོ་བཏབ་ནས་བཀྲོལ་དགོས། ཁྱིམ་ཚང་གསུམ་བཞི་ཙམ་མཉམ་དུ་སྦྲ་གུར་གཅིག་གི་ནང་བསྡད་དེ་དྲོད་ཁུག་ཐབས་བྱས། འབུད་ཤིང་མེད་དུས་ཆོན་ཤིང་དང་ཕུར་པ། ཐ་ན་འོ་མ་བཞོ་བྱེད་ཀྱི་འོ་ཟོམ་སོགས་ཀྱང་མེར་གཏོང་གིན་ཡོད།
ཀུན་འགྲུབ་ཀྱིས་བཤད་རྒྱུར། ཁོང་གི་བག་ཆགས་ཟབ་ཤོས་ནི་མུ་ལེ་གྲོང་རྡལ་དུ་ཁ་བ་བབས་ནས་པུས་མོ་ཡན་ལ་སླེབས་པ་དང་ཕལ་ཆེར་མཐུག་ཚད་ལི་སྨི50ཙམ་ཡོད། མཐོང་ཡུལ་ཀུན་ཏུ་སྐྱ་ཐིང་ངེར་གནས་པས། ལམ་གང་དུ་ཡོད་པའང་གཏན་ནས་མཐོང་རྒྱུ་མེད་པར་ནོར་ལུག་གི་རྨིག་རྗེས་དེད་ནས་འགྲོ་དགོས།  མི་ཁ་ཤས་ཀྱི་མིག་ཟུང་ལ་གངས་ཤུད་ཐེབས་ནས། རྐང་ལག་ལ་འཁྱགས་ཤུད་ཐེབས་པ་ཧ་ཅང་མང་ཞིང་། ལམ་དུ་འཁྱག་ཤི་ཐེབས་པའི་ནོར་ལུག་མང་དུ་མཐོང་ཐུབ་དེ་ཡིན་ཟེར། ཁོང་གིས་ད་དུང་གསལ་པོར་དྲན་པ་ཞིག་ནི། མུ་ལེ་ཆུ་བོ་བརྒལ་སྐབས་ཚང་མས་རྟ་གསུམ་བདམས་ཏེ། རྒན་རྒོན་དང་བྱིས་པ་ཆུ་ལ་བརྒལ་བའི་རྣམ་པ་རེད་ཟེར།
དེ་ལྟར་གནས་སྤོའི་མང་ཚོགས་རྣམས་མུ་ལེ་གཙང་པོའི་རྒྱུད་དུ་བྱེ་རླུང་དང་ཁ་བ་གདོང་གིས་བསུས་ནས། བཀྲེས་ལྟོགས་དང་གྲང་འཁྱག་སེལ་ནས་ཉིན50ཡས་མས་ལ་ལ་ལུང་བརྒལ་རྗེས་མཐར་དམིགས་སར་འབྱོར། མ་གཞི་ནས་ས་ཆ་དེ་ངོ་མི་ཤེས་མོད། འོན་ཀྱང་སྐབས་དེ་དུས་ཀྱི་གཡང་ལུང་ནི་སྤྱིར་ན་མི་མེད་ལུང་སྟོང་ཡིན་པ་དང་། རྩྭ་ཐང་བཟང་ལ་མཐའ་ཡངས་པས། ཚང་མས་ཁྱིམ་གཞིས་བསྐྱར་སྐྲུན་གྱི་ལས་ལ་འབད་བརྩོན་བྱས་པ་རེད།
འཕྲུལ་རྨོ་སྐལ་བྷེ་ཡིས་བཤད་རྒྱུར། 1958ལོའི་ཟླ10པ་ནས་གནས་སྤོ་མགོ་བརྩམས་ཏེ1959ལོའི་ཟླ2པར་མཇུག་བསྒྲིལ་བ་རེད། ལམ་བར་དུ་ཅི་འདྲའི་དཀའ་ཚེགས་ཆེ་ནའང་གནས་སྤོའི་མང་ཚོགས་ཀྱི་གོ་རྟོགས་ཧ་ཅང་མཐོན་པོ་ཡོད། སྐབས་དེའི་ནོར་ལུག་ཚང་མ་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་པས། ལམ་བར་དུ་ཚང་མ་གྲང་ཞིང་ལྟོགས་ནའང་། གཞུང་གི་ནོར་ལུག་བཤས་ནས་ཟ་ཟེར་མཁན་གཅིག་ཀྱང་མེད།
གོ་མེད་ཚོར་མེད་ངང་རྒྱལ་ཁབ་དང་སྤྱི་ཚོགས་ལ་བྱས་རྗེས་བཞག

“གངས་རི་བརྗིད་ཅིང་རྩྭ་ཐང་མཐའ་ཡས་ལ། མདོ་ལ་རིང་མོའི་འདབས་ཀྱི་རྩྭ་ས་ཡག”ཞེས་པ་ལྟར། མདོ་ལ་རི་བོའི་རྩྭ་ཐང་ནི་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་རྩྭ་ཐང་ཆེན་མོ་དྲུག་གི་གྲས་ཡིན། ཆི་ལེན་རྫོང་གཡང་ལུང་ཤང་གི་འབྲོག་པར་མཚོན་ན། རྩྭ་ས་དེ་འདྲ་བཟང་པོ་ནི་མི་རེར་ཆ་སྙོམས་ཀྱིས་མུའུ་ཆིག་སྟོང་ལྷག་ཡོད་པ་ཡིན། གསར་འགོད་པ་རླངས་འཁོར་ལ་བསྡད་དེ་གཡང་ལུང་ཤང་སྲིད་གཞུང་དུ་བསྐྱོད་པའི་ལམ་བར་དུ། ནོར་ལུག་སྐྱས་སྤོ་ཐེངས་མང་ལ་འཕྲད་དེ། ནོར་ལུག་ཆིག་སྟོང་ལྷག་གིས་བགྲོད་ལམ་བཀག་པས། ཁ་ལོ་བས་རླངས་འཁོར་ལས་བབས་ནས་ནོར་ལུག་མི་བདའ་ག་མེད་དུ་གྱུར།

རྒད་པོ་ཀུན་འགྲུབ་ལ་བཅར་འདྲི་བྱེད་སྐབས་ནི་ཆི་ལེན་གྱི་དབྱར་གཞུང་ཡིན་ལ། མི་ལོ་བདུན་ཅུ་བརྒལ་བའི་རྒད་པོ་ཁོང་གིས་མགོ་ལ་ཕྱིང་ཞྭ་རྫ་མདོག་ཞིག་དང་། ལུས་ལ་ཚིལ་ལེན་སྔོན་པོ་དྲ་མིག་ཅན་གྱི་ཐོག་བལ་སྐུད་ཀྱི་སྟོད་ཀོར་ཞིག་གྱོན་ཡོད། གྱོན་ཆས་གྲ་དག་ཡིན་པར་མ་ཟད་རྫིག་ཉམས་ཞིག་ཐོན་ཡོད།
“སྐབས་དེར་གནས་སྤོ་དགོས་དོན་ཡང་ཤེས་ཀྱིན་མེད། རྡུལ་ཕྲན་འབར་མདེལ་གྱི་དོན་དག་ཤེས་རྗེས་སྤོབས་སེམས་ཞིག་སྐྱེས་བྱུང་། སྐབས་དེའི་གནས་སྤོ་ནི་དཔེ་མེད་ཅིག་ཡིན་ཏེ། ཚང་མས་གོ་མེད་ཚོར་མེད་ངང་རྒྱལ་ཁབ་དང་སྤྱི་ཚོགས་ལ་བྱས་རྗེས་བཞག་པ་རེད”ཅེས་ཀུན་འགྲུབ་ཀྱིས་བཤད་པ་དང་། ད་ལྟ་ཁོང་ཚོ་ས་ཆ་འདི་གར་ཡང་བརྩེ་སེམས་ཆགས་ཡོད། ཐོག་མར་འབྱོར་སྐབས། སྦྲ་གུར་དུ་སྡོད་པ་ལས་ཐབས་གཞན་མེད། ཕྱིས་སུ་ས་ཕག་གི་ཁང་པ་དང་ཤིང་ཁང་དུ་བསྡད་པ་རེད། ད་ལྟ་ཨར་འདམ་དང་རྣོ་ལྕགས་ཀྱི་ཐོག་ཁང་དུ་བསྡད་ཡོད། ས་འདིའི་རྩྭ་ས་ཧེ་ཡན་གྱི་རྩྭ་ས་ལས་ཆེ་ཞིང་བཟང་ཟེར། ད་ལྟ་ཀུན་འགྲུབ་ཚང་ལ་རྩྭ་ས་མུའུ5000ཡོད་པ་དང་། ལོ་རེའི་རྩྭ་སའི་ཁ་གསབ་ཀྱང་མི་རེར་སྒོར་ཁྲི1ལྷག་རེ་ཡོད།
རྩྭ་ཐང་དང་གྲོང་ཁྱེར་དུ་ཁྱིམ་ཚང་རེ་རེ་བཙུགས་ཡོད། ཀུན་འགྲུབ་ཀྱི་ཚ་མོ་སློབ་ཆེན་ནས་ཐོན་རྗེས་ཤང་སྲིད་གཞུང་དུ་གཞུང་ཞབས་ལ་ཞུགས་པ་དང་། ཡང་ཚ་རྫོང་མཁར་དུ་སློབ་གྲྭར་འགྲོ་གིན་ཡོད། གཡང་ལུང་ཤང་གི་ཁྱིམ་ཚང་མང་ཆེ་བར་རྫོང་གྲོང་དུ་ཁང་པ་ཡོད། དབྱར་དགུན་གནང་གི་སྐབས་སུ། ཀུན་འགྲུབ་ཀྱི་ཚ་བོའི་ཆུང་མ་སྐར་མས་བྱིས་པ་ཁྲིད་ནས་རྩྭ་ཐང་དུ་ལོག་ཡོང་བ་དང་། སློབ་མགོ་ཚུགས་པའི་སྐབས་སུ་གཞི་ནས་རྫོང་གྲོང་དུ་ལོག་འགྲོ་བ་ཡིན། མོའི་ཁྱོ་ག་ཉིན་དཀར་ཕྱུགས་འཚོ་རུ་འགྲོ་དགོས་པས། མོས་ཁྱིམ་ནས་རྒན་པོ་དང་བྱིས་པར་གཉོར་སྐྱོང་བྱེད་བཞིན་ཡོད།
“ད་ལྟ་ཕྱོགས་གང་ཅིའི་ཐད་ལའང་སེམས་ཁྲལ་བྱེད་དགོས་མེད། འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་ཀུན་འགྲུབ་ཀྱིས་བཤད། ཁོ་ལོ་རེར་ད་དུང་ཡུལ་སྐོར་ལ་འགྲོ་གིན་ཡོད། ཁོས“ཞིན་ཅང་མ་གཏོགས་རྒྱལ་ཡོངས་ཀྱི་ས་ཆ་ཚང་མར་འགྲོ་མྱོང་ཡོད”ཟེར།
བོད་རིགས་རྒད་པོ་ལྕགས་ཐར་ནི་འབྲོང་ལུང་ཤང་མདའ་བཞི་གྲོང་ཚོའི་གྲོང་མི་ཡིན་ཞིང་། སྔོན་ཆད་གནས་སྤོ་བྱེད་སྐབས་ལོ6དང་ལོ་ཕྱེད་ཙམ་ཡིན། ཁོས་གསར་འགོད་པར་བཤད་རྒྱུར།“གནས་སྤོ་བྱེད་སྐབས་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་པས་ཡིད་ལའང་གསལ་བོར་དྲན་བཞིན་འདུག”ཟེར། ཁོའི་སེམས་སུ་གནས་སྤོ་བྱེད་པའི་ལམ་ཐག་ཧ་ཅང་རིང་ཞིང་། ཁོ་དང་ལོ3ལ་སླེབས་པའི་ནུ་མོ་གཉིས་འབྲི་གཡག་གི་གཞོགས་གཉིས་ཀྱི་རྒྱབ་ཁུག་ཏུ་བསྡད་ཡོད། ཕ་མས་ནོར་ལུག་དེད་ནས་གནས་སྤོར་བའི་རུ་ཁག་དང་མཉམ་དུ་བསྐྱོད་པ་བརྗེད་དུ་མེད། 
ལམ་བར་དུ་ལྕགས་ཐར་གྱིས་ཕ་མར“ང་ཚོ་གང་དུ་འགྲོ་དགོས”ཞེས་དྲིས་པར། ཕ་མ་གཉིས་ཀྱིས་སྐབས་དེར་ཡང་སྙིང་གང་དུ་འགྲོ་དགོས་མིན་མ་ཤེས་པར། ཁོ་ལ“རྩྭ་ཐང་དེ་ལས་ཀྱང་ཆེ་བའི་ས་ཆ་ཞིག་ལ་འགྲོ་དགོས”ཞེས་ལན་བཏབ། ལམ་བར་དུ་ཧ་ཅང་འཁྱག་པ་དང་ཤིན་ཏུ་ལྟོགས་པས། ཟ་མའི་ལེགས་ཉེས་དབྱེ་བ་མེད་པར་ཟ་བ་དང་། ཆེས་མང་ཤོས་ནི་ནས་ཐུག་དང་ཁུ་བ་བསྲེས་ནས་བཟས་པ་ཡིན། དེ་དུས་འབྲུ་རིགས་ཧ་ཅང་དཀོན་པོ་ཡིན་ལ། ནས་ཐུག་ཟེར་བ་དེ་ཡང་དོན་དངོས་སུ་བཤད་ན་བ་ཕྱུགས་ཀྱི་རུས་པ་ཕྱེ་མར་འཐག་རྗེས་ནས་ཕྱེ་བརྒྱབ་པ་ལ་ཟེར་བ་ཡིན། མཚན་མོར་རས་གུར་སྟབས་བདེ་ཞིག་གི་ནང་དུ་བསྡད་པ་ཡིན།
ཆུ་ཁོག་གྲོང་ཚོའི་བོད་བཟོའི་སྡོད་ཁང་ཞིག་གི་མདུན་དུ། ལོ་ན་དགུ་བཅུར་སོན་པའི་རྒན་མོ་དབྱང་མོ་མཚོས་ངོ་གདོང་ལ་དགའ་བའི་འཛུམ་མདངས་རྒྱས་ཤིང་། བུ་ཕྲུག་ཚོས་ཁོ་མོའི་མཐའ་ནས་བསྐོར་ཡོད། ཁོ་མོས་ལག་གཉིས་བརྐྱངས་ནས་སྤྲོ་སེམས་འཁོལ་པོས་ངང་མགྲོན་པོར་སྣེ་ལེན་ཞུས་ཏེ། ཇ་འཐུང་བ་དང་བག་ལེབ་ཟ་བར་གདན་ཞུ་བྱེད་བཞིན་ཡོད།
“གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན། གང་དུ་སླེབས་ཀྱང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ”ཅེས་དབྱང་མོ་མཚོས་བཤད་ཅིང་། ཁོ་མོས་གནས་སྤོས་སྐོར་གྱི་གནས་ཚུལ་མང་པོ་ཞིག་དྲན་གྱི་མི་འདུག་མོད། འོན་ཀྱང་སྐབས་དེ་དུས་ལས་བྱེད་པ་ཞིག་གིས་བཤད་པའི་སྐད་ཆ་དེ་ཁོ་མོས་ཐོག་མཐའ་བར་གསུམ་དུ་སེམས་ལ་བརྟན་པོར་བཅིངས་ཡོད།
ད་ལྟ་དེ་སྔའི་ལས་བྱེད་པ་དེས་བཤད་པའི་སྐད་ཆ་ཚང་མ་མིག་སྔའི་འཚོ་བའི་ནང་བདེན་དཔང་དང་ར་སྤྲོད་བྱས་ཡོད།
དབྱང་མོ་མཚོ་ནི་དྭ་ཕྲུག་ཅིག་ཡིན་པ་དང་། སྤྱི་ཚོགས་རྙིང་པའི་སྐབས་སུ་བྲན་གཡོག་བྱེད་ཀྱིན་ཡོད། ཧེ་ཡན་རྫོང་བཅིངས་འགྲོལ་བཏང་རྗེས། ཁོ་མོ་ཡང་ཡར་ལངས་ནས་བདག་པོར་གྱུར་ཏེ། རང་ཉིད་ཀྱི་ཁྱིམ་ཚང་ཡོད་པར་གྱུར། ད་ལྟ་ཁོ་མོས་མི་རབས་བཞི་འཛོམས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ནང་མི་ཚང་མ་འཛོམས་དུས་མི་ལྔ་བཅུ་དྲུག་བཅུ་ཙམ་ཡོད། “ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་དངོས་གནས་བཟང་པོ་འདུག ཏང་དང་སྲིད་གཞུང་གི་དྲིན་ཚོར་དགོས”ཅེས་དབྱང་མོ་མཚོའི་བུ་མོ་ཆེ་བའི་མག་པ་རིན་ཆེན་གྱིས་ང་ཚོར་ལག་གཉིས་ཐལ་མོ་སྦྱར་ནས་ལྷག་བསམ་ཟོལ་མེད་ངང་དེ་ལྟར་བཤད།
གནས་སྤོའི་སྐོར་གླེང་སྐབས། མཚོ་བྱང་ཁུལ་གྱི་ཁུལ་དཔོན་ཐོག་མ་ཞབས་དྲུང་དཀར་པོ་མཆོག་མི་གླེང་ཐབས་མེད་རེད། 1958ལོར་འབྲོག་པ་གནས་སྤོ་བྱེད་སྐབས། ཁོང་གིས་ཁྱོན་ཡོངས་ལ་དམིགས་ནས། ཁ་ཏ་བསླབ་བྱ་དང་སྣེ་ཁྲིད་ཀྱི་ལས་དོན་འབོར་ཆེན་བསྒྲུབས་པས། གནས་སྤོ་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། 
སྐབས་དེར། གསང་སྲུང་གི་དགོས་མཁོའི་དབང་གིས། མང་ཚོགས་ལ་གནས་སྤོའི་རྒྱུ་རྐྱེན་གསལ་པོ་བཤད་མ་ཐུབ་པ་དང་། མང་ཚོགས་ཀྱིས་གནས་སྤོའི་རྒྱུ་མཚན་གང་ཡིན་པར་དོགས་པ་བྱེད་ཀྱིན་ཡོད། ཁོང་གིས“གུང་ཁྲན་ཏང་གིས་ང་ཚོ་རང་ཁྱིམ་གྱི་བདག་པོར་བསྒྱུར་པས། གུང་ཁྲན་ཏང་གི་རྗེས་འབྲངས་པ་དང་གུང་ཁྲན་ཏང་གི་བཀའ་ལ་ཉན་ཚེ། གནས་སྤར་ཡང་འདི་གར་དང་འདྲ་བར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ”ཅེས་ཁ་ཏ་བསླབ་བྱ་གནང་། ཁོང་གིས་ད་དུང་རང་ཉིད་ཀྱི་ཨ་མ་དང་གཅུང་མོ་སྔོན་ལ་གནས་སྤོ་བྱ་རྒྱུའི་སྐུལ་སློང་ཡང་གནང་བ་རེད། ཁོང་ཚོའི་ཁྱིམ་ཚང་གིས་སྣེ་ཁྲིད་དེ། རྒྱ་ཆེའི་མང་ཚོགས་ལ་གོ་སྐོན་བློ་འགུག་ཐོབ་ནས། རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
སྔོན་བྱོན་གྱི་རྐང་རྗེས་བསྙེགས་ནས་ཡང་བསྐྱར་གནས་སྤོ་ལམ་དུ་བསྐྱོད།
ཡའོ་ཡུང་ཆིན་ནི་མཚོ་བྱང་ཁུལ་ཏང་ཨུའི་སློབ་གྲྭའི་དགེ་རྒན་ཞིག་ཡིན་པ་དང་། ཁོ་མོས་དེ་སྔའི་གནས་སྤོའི་ལོ་རྒྱུས་ཤེས་རྟོགས་བྱུང་རྗེས། སེམས་འགུལ་ཆེན་པོ་ཐེབས་ཏེ། ཚོགས་པའི་སྣེ་ཁྲིད་དེ་ལོ་གཉིས་ནང“སླར་ཡང་གནས་སྤོའི་ལམ་དུ་བསྐྱོད་ནས་ཕུགས་འདུན་དོན་གཉེར་གྱིས་མདུན་དུ་བསྐྱོད”ཅེས་པའི་སློབ་ཚན་ཞིག་བཏོད་པ་རེད། དེའི་ཐད་ཁོ་མོས་ད་དུང་ལོ་རབས་དགུ་བཅུ་པའི་ནང་སྐྱེས་པའི་ན་གཞོན་དགེ་རྒན་ཁ་ཤས་ཀྱི་སྣེ་ཁྲིད་དེ། ཡང་བསྐྱར་གནས་སྤོའི་ལམ་དུ་བསྐྱོད་པ་རེད།
“སྐབས་དེར་ང་ཚོས་རླངས་འཁོར་བཏང་ནས་མདོ་ལ་རི་བོའི་འདབས་སུ་བསྐྱོད་པ་དང་། དེ་རྗེས་རླངས་འཁོར་ནས་བབས་ཏེ་རྐང་ཐང་དུ་མདོ་ལ་རི་བོའི་ཉག་ག་བརྒྱུད་པ་ཡིན། ཉིན་དེར་གནམ་འཐིབས་ནས་རི་སྟེང་དུ་ཁངས་གསོག་ཐེབས་ཡོད། ང་ཚོ་དགེ་རྒན་དྲུག་བདུན་ཡོད་པ་དེ་དག་ནི‘ལོ་རབས་དགུ་བཅུ་པའི་ནང་སྐྱེས་པ’ཡོད་ལ‘ལོ་རབས་བརྒྱད་ཅུ་པའི་ནང་སྐྱེས་པ’འང་ཡོད། དགུན་ལྭ་དང་ལམ་རྒྱགས་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་ཀྱང་། རྐང་ཐང་དུ་མར་བསྐྱོད་རྒྱུ་ནི་དཀའ་ཚེགས་ཆེན་པོ་ཞིག་ཡིན་པའི་ཚོར་སྣང་སྐྱེས། སྔོན་ཆད་གནམ་གཤིས་ཧ་ཅང་སྡུག་ཅིང་གྲང་ངར་ཆེ་བ་དང་། གནས་སྤོའི་འབྲོག་པར་གྲ་སྒྲིག་ཅི་ཡང་མེད་ལ། དགུན་ལྭའང་མང་པོ་མེད་པས། སྐབས་དེའི་དཀའ་ཚེགས་ཅི་འདྲ་ཆེ་བ་བསམ་ཚོད་བྱེད་ཐུབ ”ཟེར།
ཡའོ་ཡུང་ཆིན་གྱིས་བཤད་རྒྱུར། བཤད་རྒྱུན་ལ་རེ་བའི་ས་བོན་བཏབ་ན་ལྗོན་པའི་འབྲས་བུ་ཆེན་པོ་ཐོབ་ཟེར། “ང་ཚོས་དེ་སྔའི་འབྲོག་པས221རྟེན་གཞིའི་འཛུགས་སྐྲུན་གྱི་ཆེད་དུ་གནས་སྤོ་བྱས་པའི་སྐོར་གླེང་ནས།‘འབར་མདེལ་གཉིས་དང་སྲུང་སྐར་གཅིག’གི་སྙིང་སྟོབས་སྔར་བས་དར་སྤེལ་ཡག་པོ་གཏོང་རྒྱུ་ཡིན”ཅེས་བཤད།
དཀའ་སྡུག་ཚད་མེད་མྱངས་པའི་གནས་སྤོའི་འབྲོག་པ་ཚོས། ཞུམ་མེད་སྟོབས་ལྡན་གྱི་སྙིང་སྟོབས་དང་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་གཤིས་རྒྱུད་ལ་བརྟེན་ནས། རང་སྟོབས་རང་སྤེལ་དང་དཀའ་སྤྱད་ལས་གཏོད་ཀྱིས་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་འབྲོག་ར་ཆེ་ཤོས་ཏེ་རྒྱལ་གཉེར་ཐོ་ལེ་འབྲོག་ར(ད་ལྟའི་གཡུང་ལུང་ཤང)བསྐྲུན་ནས། སྐད་གྲགས་ཆོད་པའི་བོད་ལུག་དཀར་པོ་དང་བལ་ནག་ལུག་རྒྱུད་གསོ་སྤེལ་བྱས་པ་མ་ཟད། ད་དུང་ཨེ་ཤེ་ཡའི་ཤྭ་ར་ཆེ་ཤོས་ཀྱང་བསྐྲུན་ནས། རྒྱལ་ཁབ་ལ་འབྲོག་ལས་ཐོན་རྫས་དང་ཁེ་སྤོགས་དཔྱ་ཁྲལ་འབོར་ཆེན་གོང་འབུལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཆེད་བསུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད།
ད་ལྟ་འབྲོག་པ་རྣམས་ཏང་གི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག ཁྱིམ་ཚང་རེ་རེ་ཕྱུག་པོ་ཆགས་པ་དང་། རྩྭ་ཐང་དང་ནོར་ལུག་ཁྱིམ་ཚང་གིས་འགན་གཙང་ལེན་བྱས་ཤིང་། འབྲོག་པ་མང་ཚོགས་རྣམས་ཁོད་ཡངས་ལ་དཀར་ཆ་དོད་པའི་ཐོག་ཁང་དུ་སྤར་བ་དང་། ཁྱིམ་སྤྱོད་གློག་ཆས་གང་དགོས་ཚང་མ་ཡོད་པས་དེང་རབས་འབྲོག་པའི་འཚོ་བ་སྐྱེལ་བཞིན་ཡོད།
དུས་རབས་ཀྱི་ལོ་རྒྱུས་ནི་ལྡོག་མེད་ཀྱི་ཆུ་རྒྱུན་བཞིན་རྒྱུག་པ་དང་། སྙིང་སྟོབས་ཀྱི་མེ་ལྕེ་དེའང་རྒྱུན་ཆད་མེད་པར་རྒྱུན་འཛིན་ཐུབ་ཡོད། དཔྱད་གཞིའི་ཡིག་ཆར་གཞིགས་ན། རང་རྒྱལ་གྱི་སྔོན་མའི་ཉིང་རྡུལ་འབར་གས་ཐེངས16གི་ཐོན་རྫས་ཚང་མ་ནི221རྟེན་གཞིར་སྒྲིག་སྦྱོར་དང་སྐྱེལ་འདྲེན་བྱས་པ་ཁོ་ན་རེད། གསེར་དངུལ་ཐང་གི་འབྲོག་ཁྱིམ་སྟོང་ལྷག་གིས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་བརྟེན། རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆའི་རྟེན་གཞི་དང་པོ་དེ་གཞི་ནས་འཛུགས་སྐྲུན་བྱས་པ་རེད། 1959ལོ་ནས་མགོ་བརྩམས་ཏེ་ལོ་ངོ10ཙམ་གྱི་དུས་ཚོད་ནང་། དེ་གར་ཀྲུང་གོའི་རྡུལ་ཕྲན་འབར་མདེལ་དང་པོ་དང་ཆིང་མདེལ་དང་པོ་ཞིབ་བཟོ་དང་ཐོན་སྐྱེད་བྱས་པ་དང་། 1964ལོའི་ཟླ10པའི་ཚེས16ཉིན་དང1967ལོའི་ཟླ6པའི་ཚེས17ཉིན་སོ་སོར་འབར་གས་ཚོད་ལྟ་ལེགས་གྲུབ་བྱུང་བ་རེད། དེས་འཛམ་གླིང་ཡོངས་ལ་དཔའ་སྤོབས་ཀྱི་ཁེངས་པའི་ཀྲུང་ཧྭ་མི་རིགས་ལ་རང་ཉིད་ཀྱི་རྡུལ་ཕྲན་འབར་མདེལ་ཡོད་པ་ཁྱབ་བསྒྲགས་བྱས་པ་མ་ཟད། ཉིང་རྡུལ་སྒེར་སྡེམ་དང་ཉིང་རྡུལ་གྱིས་སྙད་འཚོལ་བྱེད་པ་རྩ་བ་ནས་གཏོར་ཞིང་། དམག་དཔུང་གི་ཟིལ་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་ལ་རྒྱ་ཆེ་རུ་གཏོང་བའི་ཐད་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་གལ་ཆེན་བཞག་ཡོད།
མཛད་རྗེས་ཀྱི་རྡོ་རིང་ནི་ནམ་ཡང་བསུབ་པ་མེད། དམག་དཔོན་ཀྲང་ཨའེ་ཕིང་གིས་ཕྱག་བྲིས་གནང་བའི“ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞི་དང་པོ”ཞེས་པའི་དྲན་གསོའི་རྡོ་རིང་དེ་རྩྭ་ཐང་གི་དཀྱིལ་དབུས་སུ་ཀྲོང་ངེར་འགྱིངས་ཡོད། སྔོན་ཆད་ཀྱི“རྒྱང་རིང་གི་ས་ཆ”དེ་མིང་དོན་མཚུངས་པའི“ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱ་དང་གཟི་བརྗིད་མངོན་པའི་ས་ཆར”གྱུར་ཡོད།
1995ལོའི་ཟླ5པར་ཞིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ཏེ། འཛམ་གླིང་ལ་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞི་དང་པོ་དེ་དམག་ཁོངས་ནས་ཕྱིར་འཐེན་བྱས་པ་དང་། རྟེན་གཞི་དེ་ས་གནས་དེ་གའི་སྲིད་གཞུང་ལ་བེད་སྤྱོད་བྱ་རྒྱུར་རྩིས་སྤྲད་པ་ཁྱབ་བསྒྲགས་བྱས་པ་རེད།
གསེར་དངུལ་ཐང་ནི་ལྐོག་གྱུར་གྱི་ན་ཆུང་མ་ཞིག་གི་ངོ་རས་ཕྱེས་པ་དང་འདྲ་བར། དུས་རབས་ཕྱེད་ཀའི་རིང་གི་གསང་བ་ཀུན་ལ་ཁྱབ་བསྒྲགས་བྱས། རྟེན་གཞི་ཁྱོན་ཡོངས་ནས་དམག་ཁོངས་ནས་ཕྱིར་འཐེན་བྱས་པ་དང་སྦྲགས། མཛེས་ཤིང་ཡིད་དུ་འོང་བའི་རྩྭ་ཐང་གི་གྲོང་རྡལ་གསར་པ་ཞིག་སྟེ། ད་ལྟ་ནུབ་མཚོ་གྲོང་རྡལ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་དུ་གྱུར་ཡོད།
གྲང་ངར་ཆེ་བའི་དགུན་དུས་ཤིག་ཤར་ལ་ཉེ་བའི་སྐབས་འདིར། གསེར་དངུལ་ཐང་དུ་སླར་ཡང་ཁ་བ་དང་བུ་ཡུག་འཚུབ་ངེས་ཡིན་མོད། འོན་ཀྱང་། གངས་ལྷགས་ཁྲོད་ཀྱི་འདས་དོན་དེ་ནམ་ཡང་འདས་སོང་གི་ཕྱིར་དྲན་དུ་གྱུར་ཡོད་ལ། གསེར་དངུལ་ཐང་དུ་ཀྲོང་ངེར་འགྱིང་བའི“རྡུལ་ཕྲན་གྲོང་ཁྱེར”དེར་དུས་རབས་གསར་པར་སྐྱེ་སྟོབས་དང་གསོན་ཤུགས་གསར་པའང་འཕེལ་བཞིན་ཡོད། །

 རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།

རྩོམ་སྒྲིག་པ།  ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་འགན་འཁུར་པ། རྡོ་རྗེ་བསམ་འགྲུབ།
ལྟ་སྐུལ་པ། རིག་འཛིན་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཐུ་བོ་ཆེ།

中国藏族网通
中国藏族网通官网:www.tibet3.com 及时发布藏区最新资讯,挖掘民间传统文化,分享精美视听盛宴。
 最新文章