དངོས་ཟིན་གློག་བརྙན་ཆེ་གྲས《རྨ་ཙོང་རིག་གནས》གཏོང་མགོ་བརྩམས་པ།

体娱   2024-11-05 19:55   青海  


མཚོ་ཤར་གྱི་ལེའུ་བཅུ་ཡོད་པའི་དངོས་ཟིན་གློག་བརྙན་ཆེ་གྲས《རྨ་ཙོང་རིག་གནས》ཞེས་པའི་ཚན་པ་དང་པོ་གཏོང་མགོ་བརྩམས་པ།



ཟླ11པའི་ཚེས4ཉིན་ཚོགས་ཞུགས་སྐུ་མགྲོན་ཚོས་མཉམ་གཅིག་ཏུ་མཐེབ་བཀྱག་མནན་འགོ་ཚུགས་པ་དང་བསྟུན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱིས་ཇུས་འགོད་ཞིབ་ཚགས་བྱས་པ་དང་། ཕབ་སྐྲུན་དང་སྒྲིག་བཟོ་བཅས་བྱས་པའི་ལེའུ10ཡོད་པའི་དངོས་ཟིན་གློག་བརྙན་ཆེ་གྲས《རྨ་ཙོང་རིག་གནས》ཞེས་པའི་ཚན་པ་དང་པོ་དངོས་སུ་གཏོང་མགོ་བརྩམས།
2023ལོ་ནས་བཟུང་མཚོ་ཤར་གྲོང་ཁྱེར་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱིས་ལས་སྒོ་བྱང་ཆུབ་པ་དང་འཇོན་ཐང་ཆེ་བའི་བཅར་འདྲི་རྩོམ་སྒྲིག་ཚོགས་པ་ཞིག་བཙུགས་ནས། ལོ་རྒྱུས་ཀྱི་གཏིང་ཟབ་ཚད་དང་བསམ་བློའི་མཐོ་ཚད། མཐོང་རྒྱ་བཅས་གཞི་གཅིག་ཏུ་འདུས་པའི་དངོས་ཟིན་གློག་བརྙན《རྨ་ཙོང་རིག་གནས》ཞེས་པའི་ཚན་པ་དང་པོ་ཕན་སྐྲུན་ཞིབ་ཚགས་བྱས་པ་རེད། གློག་བརྙན་དེར་བསྡོམས་པས་ལེའུ10ཡོད་པ་དང་ལེའུ་རེར་དུས་ཡུན་སྐར་མ15ཡོད་པའི་ནང་། ལིའུ་དབན་ཚོན་ཁྲ་ཅན་གྱི་རྫ་དཀར་དང་ལ་ཅ་གནའ་ཤུལ། གྲོ་ཚང་དགོན་པ། ཧོར་རིགས་ཀྱི་གཙག་དྲུབ། རྨ་ཙོང་རྒྱའི་ལ་གཞས་སོགས་ཆེས་མཚོན་བྱེད་རང་བཞིན་གྱི་རིག་གནས་གཞི་རྒྱུ10བདམས་ཡོད་པ་རེད། མི་སྣའི་བཅར་གླེང་དང་གཏམ་རྒྱུད་སྔོག་འདོན། ཕྱི་ལྗོངས་བརྙན་ཕབ། ཆེད་བྲིས་འགྲེམ་སྟོན་སོགས་ཀྱི་རྣམ་པའི་སྟེང་། ཙོང་ཆུའི་རིག་གནས་ཀྱི་གཏམ་རྒྱུད་ཁྱོན་ཡོངས་ནས་བརྗོད་པ་དང་། ཟུར་ཚད་མང་པོའི་སྟེང་ནས་ཙོང་ཆུའི་ས་ཁོངས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་བྱས་ཐོག སྣ་མང་རིག་གནས་ཀྱི་འཆམ་མཐུན་མཉམ་གནས་དང་གནའ་བོའི་ཤུལ་རྙིང་རིག་གནས། མི་རིགས་ཀྱི་ཡུལ་སྲོལ་སྣ་མང་ཕུན་སུམ་ཚོགས་པ་བཅས་དང་། དམངས་ཁྲོད་སྒྱུ་རྩལ་གྱི་མཛེས་སྡུག་རྣམ་པ་བཅས་གཏིང་ཟབ་སྒོས་མངོན་པར་བྱས་ཡོད་པས། སྔར་ལས་ལྷག་པར “རི་མཐོ་ས་གཙང་། རབ་མཛེས་མཚོ་སྔོན”ཞེས་པའི་མངོན་གསལ་དོད་པའི་རིག་གནས་མཚོན་རྟགས་ཇེ་གསལ་དུ་གཏོང་བ་དང་། གཏིང་ཟབ་ལ་འོད་སྟོང་འཕྲོ་བའི་རྨ་ཙོང་རིག་གནས་ལ་འགྲེལ་བཤད་གཏིང་ཟབ་བྱེད་པར་དོན་སྙིང་ངེས་ཅན་ལྡན།
ཁྱབ་བསྒྲགས་མཛད་སྒོའི་སྟེང《རྨ་ཙོང་རིག་གནས》ཀྱི་ཚན་པ་དང་པོའི་དྲིལ་བསྒྲགས་བརྙན་ཐུང་དང་ལེའུ་དྲུག་པ《ཐ་རྒྱ། ས་མཐའི་ཁྱིམ་གཞིས》ལས་གསོན་ཉམས་ལྡན་པའི་ངང་ལོ་ཟླའི་འཕོ་འགྱུར་འོག་རྨད་དུ་བྱུང་བའི་ཡུལ་ལྗོངས་དང་འོད་སྟོང་འཕྲོ་བའི་ཤེས་དཔལ་དེ་གར་འཕྲད་ཅིང་། དུས་ཡུན་རིང་བའི་རིག་གནས་ཀྱི་སྲོག་རྩ་དེ་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་དེར་རྒྱུན་འཛིན་ཐུབ་པ་དང་། མཛེས་སྡུག་ལྡན་པའི་རིག་གནས་ཀྱི་ནང་དོན་ཟབ་མོ་དེ་ལོ་རྒྱུས་ཀྱི་རིམ་བསགས་ཁྲོད་མངོན་པར་མ་ཟད། དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་དང་། འཆམ་མཐུན་དང་མཛེས་སྡུག་ལྡན་པའི་རོལ་དབྱངས་དཀྲོལ་པའི་ལེའུ་བརྩམས་པ་རེད། ལྟད་མོ་བས་དངོས་ཟིན་གློག་བརྙན་ལ་བརྟེན་ནས་རྨ་ཆུ་དང་ཙོང་ཆུའི་རིག་གནས་མཉམ་འདྲེས་ཀྱི་ས་ཁོངས་རིག་གནས་ཀྱི་དམིགས་བསལ་རང་བཞིན་དང་། ལོ་རྒྱུས་རིག་གནས་ཀྱི་གཏིང་ཟབ་རང་བཞིན། མི་རིགས་རིག་གནས་མཉམ་འདྲེས་རང་བཞིན། དམངས་ཁྲོད་རིག་གནས་ཀྱི་སྣ་མང་རང་བཞིན། སྐྱེ་ཁམས་རིག་གནས་ཀྱི་ལངས་གཟུགས་རང་བཞིན་སོགས་ཀྱི་ཁྱད་ཆོས་ལ་ཤེས་རྟོགས་བྱས་ཆོག 
ངོ་སྤྲོད་བྱས་པར་གཞིགས་ན། ཟླ11པའི་ཚེས4ཉིན་གྱི་དགོང་མོར་མཚོ་སྔོན་བརྙན་འཕྲིན་ལས་ཁུངས་ཀྱི་ཆུ་ཚོད21དང་སྐར་མ25དང་། མཚོ་ཤར་གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་ལས་ཆུ་ཚོད19དང་སྐར་མ45། སྐད་འཕྲིན་བརྙན་ལམ་ཨང་གྲངས་སོགས་སྨྱན་སྦྱོར་གསར་པའི་ལས་སྟེགས་ཀྱིས་དུས་གཅིག་ཏུ་གློག་བརྙན་དེ་བརྒྱུད་གཏོང་བྱས།།

 ཚེ་རིང་རྒྱ་མཚོས་བསྒྱུར།

རྩོམ་སྒྲིག་པ།  ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་འགན་འཁུར་པ། རྡོ་རྗེ་བསམ་འགྲུབ།
ལྟ་སྐུལ་པ། རིག་འཛིན་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཐུ་བོ་ཆེ།

中国藏族网通
中国藏族网通官网:www.tibet3.com 及时发布藏区最新资讯,挖掘民间传统文化,分享精美视听盛宴。
 最新文章