སྐབས་དང་པོའི་འཛམ་གླིང་གནའ་བོའི་རིག་པའི་ཚོགས་ཆེན་པེ་ཅིན་དུ་འཚོག་རྒྱུ་ཡིན་པ།
གསར་འགོད་པས་ཟླ10པའི་ཚེས31ཉིན་སྐབས་དང་པོའི་འཛམ་གླིང་གནའ་གཞུང་རིག་པའི་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ནས་ཤེས་གསལ་གཞིགས་ན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་གོའི་སློབ་གསོ་པུའུ། ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ། ཀེ་རི་སེའི་རིག་གནས་པུའུ། ཀེ་རི་སེའི་ཡ་ཏེན་ཚན་རིག་ཁང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་འཛམ་གླིང་གནའ་གཞུང་རིག་པའི་ཚོགས་ཆེན་སྐབས་དང་པོ་དེ་ཟླ11པའི་ཚེས6ཉིན་ནས་ཚེས8ཉིན་བར་པེ་ཅིན་དུ་འཚོག་རྒྱུ་ཡིན་པ་རེད།
སྐབས་འདིའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“གནའ་བོའི་དཔལ་ཡོན་དང་དེང་རབས་ཀྱི་འཛམ་གླིང”ཞེས་པ་དེ་ཡིན། ཚོགས་ཆེན་ཐོག་འཛམ་གླིང་རྒྱལ་ཁབ་ཁག་དང་དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་དང་། རྒྱལ་ཁབ་ཕྱི་ནང་གི་མིང་གྲགས་ཆེད་མཁས་པ་དང་མཁས་དབང་། རིག་གནས་མི་སྣ་གྲགས་ཅན། སྨྱན་སྦྱོར་མི་སྣ། ཇུས་འདོན་ཚོགས་པའི་ཆེད་མཁས་པ། གཞོན་ནུའི་འཐུས་མི་སོགས་རྒྱ་ཁྱབ་ངང་གདན་ཞུ་བྱས་ཏེ། གནའ་བོའི་དཔལ་ཡོན་གྱི་འབྲེལ་ཡོད་གྲོས་གཞིར་དམིགས་ཏེ། བགྲོ་གླེང་དང་གླེང་མོལ་གཏིང་ཟབ་བྱས་ནས། བསམ་བློ་སྤེལ་རེས་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་སྟེགས་བུ་གལ་ཆེན་ཞིག་མཁོ་འདོན་བྱ་རྒྱུ་རེད།ཚོགས་ཆེན་གྱི་གླེང་སྟེགས་གཙོ་བོས་རྒྱལ་ཁབ་ཕྱི་ནང་གི་གནའ་གཞུང་རིག་པའི་ཆེད་མཁས་པ་གྲགས་ཅན་དང་མཁས་དབང་གདན་འདྲེན་ཞུས་ནས། ཆེད་དོན་རིག་གཞུང་གཏམ་བཤད་བྱ་རྒྱུ་དང་། “མཐོ་རིམ་གླེང་མོལ”ཐེངས་གཉིས་ཀྱིས“གནའ་གཞུང་རིག་པ་དང་ཀྲུང་གོའི་གནའ་གཞུང་སྲོལ་རྒྱུན”དང“གནའ་གཞུང་རིག་པའི་དེང་རབས་ཀྱི་དོན་སྙིང”ཞེས་པ་བརྗོད་དོན་གཙོ་བོར་འཛིན་རྒྱུ་རེད། མཉམ་འགྲོའི་ཡན་ལག་གླེང་སྟེགས་ཀྱིས“གནའ་བོའི་དཔལ་ཡོན་གྱི་གནས་ལུགས་དང་སྙིང་དོན”དང“གནའ་བོའི་སྐད་ཡིག་དང་གནའ་གཞུང་རིག་པའི་སྲོལ་རྒྱུན”།“གནའ་གཞུང་རིག་པ་དང་དཔལ་ཡོན་དཔྱད་གཞིར་འཛིན་རེས”སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་དང་སྤེལ་རེས་བྱ་རྒྱུ་རེད།གྲོས་རིམ་གཙོ་བོ་ཕུད། སྐབས་འདིའི་ཚོགས་ཆེན་གྱིས་ནང་དོན་ཕུན་སུམ་ཚོགས་པའི་མ་ལག་ཚང་བའི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱ་རྒྱུ་ཡིན་པ་སྟེ། གནའ་རྫས་རྟོག་ཞིབ་དང་ཀྲུང་ཧྭའི་དཔལ་ཡོན་འབྱུང་ཁུངས་འགྲེམས་སྟོན་དང་། གནའ་བོའི་རིག་པའི་ཞིབ་འཇུག་གྲུབ་འབྲས་འགྲེམས་སྟོན་སོགས་ཆེད་དོན་འགྲེམས་སྟོན་བྱ་རྒྱུ་དང་། ཆེད་དོན་རིག་གནས་འཁྲབ་སྟོན་བྱས་ནས། ཧྲན་ཏུང་དང་། ཧོ་ནན། སི་ཁྲོན་བཅས་སུ“འཛམ་གླིང་གི་གནའ་བོའི་རིག་པའི་ཚོགས་ཆེན·ཀྲུང་གོར་སློབ་སྦྱོང་བྱེད་པའི”བྱེད་སྒོ་སྒྲིག་འཛུགས་བྱ་རྒྱུ་རེད། འབྲེལ་ཡོད་མཐོ་སློབ་ཁག་ཏུ“གནའ་གཞུང་རིག་པ་མཐོ་སློབ་ཏུ་བསྐྱོད་པ”སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། །
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།རྩོམ་སྒྲིག་འགན་འཁུར་པ། རྡོ་རྗེ་བསམ་འགྲུབ།ལྟ་སྐུལ་པ། རིག་འཛིན་ཚེ་རིང་།སྤྱིའི་ལྟ་སྐུལ་པ། ཐུ་བོ་ཆེ།