ཤ་ལ་སྡེ་བའི་ནས་ཀྱི་སྦྲང་གོར་བྲོ་བ་ཤིན་ཏུ་ཞིམ།
ཐོན་རྫས་འགྲེམ་ཚོང་།
ནས་ནག
ནས་ནག་སྦྲང་གོར་ཐོན་སྐྱེད་བརྒྱུད་རིམ།
ཟླ10པའི་ཚེས27ཉིན་གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་ཤ་ལ་སྡེ་བའི་ཤ་ལའི་ནས་ནག་གསར་སྤེལ་ཚད་ཡོད་ཀུང་སིར་བསྐྱོད། ནས་ནག་གི་སྦྲང་གོར་ཐོན་སྐྱེད་ཁང་ནི་གསལ་ལ་གྲལ་དག་ཅིང་འབྲུ་རིགས་ཀྱི་དྲི་ཞིམ་འཐུལ་བཞིན་འདུག རྒྱུ་ཆ་གྲ་སྒྲིག་དང་མེ་ཏོག་ཕབ་པ། སྲོ་བ། གྲང་བཟོ། ཁེ་ལས་ཀྱི་ལས་བཟོ་བའི་ལུས་ལ་ལས་ཀའི་ལྭ་བ་གྱོན་ནས་རང་རང་གི་ལས་གནས་སུ་གོ་རིམ་ཡོད་པའི་ངང་ནས་ལས་གནས་ལ་བྲེལ་བཞིན་ཡོད།ལས་བཟོ་བ་རྣམས་ཀྱིས་བྱང་ཆ་ལྡན་པའི་སྒོ་ནས་ནས་ནག་ཕྱེ་སོགས་མ་བཅོས་རྒྱུ་ཆ་དང་འབྲེལ་ཡོད་སྦྱོར་རྫས་བསྡུར་ཚད་ལྟར་སྒྲིག་ཆས་ཆེ་གྲས་ནང་བླུགས་ནས་འཕྲུལ་འཁོར་འཁོར་སྐྱོད་བྱེད་དུ་བཅུག་པ་དང་། ཅུང་མ་འགོར་བར་ཆ་སྙོམས་ཀྱིས་བསྲེས་པ་རེད། དེར་མཐུད།མེ་ཏོག་དཔར་བྱེད་ཀྱིས་སྦྲང་གོར་ཞིག་ནང་དུ་བཙིར་བ་དང་། དྲོད་མཐོས་སོབ་བསྲེགས་བྱས་རྗེས། ནས་ནག་གི་སྦྲང་གོར་རིམ་བཞིན་མདོག་སེར་ཞིང་སྙི་ལ་སོབ་པ་ཞིག་ཏུ་གྱུར། དྲི་ཞིམ་དེས་མི་ལ་དབང་མེད་དུ་དབུགས་རིང་ལེན་གྱིས་ཐེངས་འགར་རྔུབ་འདོད་སྐྱེ་རུ་འཇུགཐོན་སྐྱེད་ལྷུ་ཚིགས་རེ་རེའི་ཚགས་དམ་ཞིང་ལས་ཆོད་ཆེན་པོས་ནས་ནག་སྦྲང་གོར་དེ་མ་བཅོས་རྒྱུ་ཆ་ནས་ཞིམ་མངར་གྱི་ཐོན་རྫས་ལ་བསྒྱུར་པའི་ངོ་མཚར་འགྱུར་བ་དེར་བདེན་དཔང་བྱས་ཡོད། གྲང་བཟོ་དང་ཐུམ་སྒྲིལ་བྱས་རྗེས། སྦྲང་གོར་གྱི་ཁྲོམ་རར་ཕྱིར་འཚོང་བྱེད་ཐུབ། ཐོན་སྐྱེད་བཟོ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ500ཡོད་པ་དང་རང་འགུལ་གྱིས་སྦྲང་གོར་སོབ་མོའི་ཐོན་སྐྱེད་གོ་རིམ་གྱི་ནས་ནག་སྦྲང་གོར་ལས་སྣོན་རྟེན་གཞི་བཟོ་བའི་ཆེད་དུ་ཡིན། མིག་སྔར། ཁྲོམ་རས་ཅི་ནུས་ཀྱིས་ཐོན་སྐྱེད་བྱས་པས་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཡོད་ཅེས་ཀུང་སིའི་སྤྱི་གཉེར་པ་བན་ཏེ་རྒྱ་མཚོས་དེ་ལྟར་ངོ་སྤྲོད་བྱས།མང་ཚོགས་ཕྱུག་འགྱུར་དང་འབབ་འཕར་བྱུང་ནས་གྲོང་གསེབ་དར་སྤེལ་གྱི་ཁྲོད་དུ་འདྲེས་ཆེད། རྩེ་ཁོག་རྫོང་གྲོང་གསེབ་དར་སྤེལ་ཅུའུ་དང་ཧོར་གྲོང་རྡལ་སྲིད་གཞུང་།ཤ་ལ་སྡེ་བའི་ཨུ་ལྷན་གཉིས་བཅས་ཀྱིས་གྲོས་ཐག་བཅད་དེ། སྡེ་བར་ནས་ནག་འདེབས་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་གྲངས་ལག་བསྟར་བྱས། མང་ཚོགས་ལ་སྣེ་ཁྲིད་ནས་ཐོན་ལས་སྒྲིག་གཞིར་འགྱུར་བ་བཏང་སྟེ་ཁོ་ཚོར་ཡོང་འབབ་དང་རིན་ཐང་སྔར་ལས་མཐོ་བའི་ནས་ནག་འདེབས་འཛུགས་བྱེད་དུ་བཅུག དེས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་བསྐྲུན་པ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱས་པར་བྱས། ནས་ནག་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་གསེར་གྱི་ལྡེ་མིག་ཅིག་ཏུ་འགྱུར་བར་བྱས།ནས་ནག་ལ་ས་གནས་རང་དུ་མུ་ཏིག་ནག་པོ་ཞེས་པའི་མཚན་སྙན་ཡོད། དེ་ལ་དབྱང་འགྱུར་འགོག་པའི་རང་བཞིན་ལྡན་ལ་མཐོ་སྒང་ས་ཁུལ་གྱི་ནས་དཀར་དང་བསྡུར་ན་འཚོ་བཅུད་འདུས་ཚད་ཕུན་སུམ་ཚོགས། ནས་ནག་དེ་ཐོན་རྫས་སྣ་ཚོགས་སུ་བཟོ་པར་ནུས་པ་ཆེན་པོ་ལྡན། ཤ་ལའི་ནས་ནག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སིས་ཤ་ལ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་གྲངས་འགན་གཙང་ལེན་བྱས་པ་དང་ནས་ནག་གི་མ་བཅོས་རྒྱུ་ཆ་ལ་ཞིབ་ཅིང་ཟབ་པའི་གསར་སྤེལ་བྱས། ནས་ནག་སྦྲང་གོར་ལས་སྣོན་གསར་སྤེལ་ནི་བན་དེ་རྒྱ་མཚོ་དང་ཁོའི་ཚོགས་པའི་ཁྲོམ་རར་བརྟག་དཔྱད་བྱས་པའི་འབྲས་བུ་རེད།འཛད་སྤྱོད་པས་ཟས་རིགས་བདེ་འཇགས་ལ་དོ་སྣང་བྱེད་ཚད་ཇེ་མཐོར་སོང་བ་བསྟུན་ནས། མངར་འདུས་ཚད་དང་ཁ་ལི་ལུའུ་འདུས་ཚད་དམའ་བའི་ཟས་རིགས་ལ་ཁྲོམ་རའི་དགའ་བསུ་ཐོབ། ནས་ནག་སྦྲང་གོར་ལ་བཟའ་བཅའི་ཚི་སྣ་འདུས་ལ་མངར་ཚད་དམའ་བ། ཚིལ་ཉུང་བ། ཚི་སྣའི་འདུས་ཚད་མཐོ་བའི་ཁྱད་ཆོས་དེ་དེང་སྐབས་ཀྱི་འཛད་སྤྱོད་པའི་བདེ་ཐང་ཟས་རིགས་ཀྱི་དགོས་དང་མཐུན་པ་ཞིག་རེད།དེ་ལྟར་ཡིན་པས། ནས་ནག་སྦྲང་གོར་དུས་ཐོག་ཏུ་བྱུང་བ་རེད། བན་དེ་རྒྱ་མཚོ་ཡིས་བྲིན་ཚོང་གི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་དང་། སྒོ་རྩིས་ཚོང་ཁང་དང་སྟབས་བདེའི་ཚོང་ཁང་སོགས་སྲོལ་རྒྱུན་གྱི་སིལ་ཚོང་ཐབས་ལམ་བརྒྱུད་ནས་ཕྱིར་འཚོང་བྱས་པ་མ་ཟད། ད་རུང་དྲ་ཚོང་སྟེགས་བུར་བརྟེན་ནས་སྦྲང་གོར་ཅང་སུའུ་དང་། པེ་ཅིན། ཧྲན་ཏུང་སོགས་སུ་ཕྱིར་འཚོང་བྱས། དྲ་སྟེང་དང་དྲ་མིན་གྱི་ཕྱིར་འཚོང་རྣམ་པ་མཉམ་སྦྲེལ་ལ་བརྟེན་ནས། འཛད་སྤྱོད་པ་སྔར་ལས་མང་པོས་ས་མཐོའི་ཟས་ཞིམ་དང་བདེ་ཐང་ཡིན་པའི་ཟས་རིགས་ལ་རོལ་མྱོང་ཐུབ་པས། ནས་ནག་སྦྲང་གོར་གྱི་མཚན་སྙན་གྲགས་ཀྱང་ཁྲོམ་རར་རིམ་བཞིན་ཁྱབ་པ་རེད།དུས་ཚོད་ཀྱི་འཕོ་འགྱུར་དང་བསྟུན་ནས། ཁྲོམ་རས་ནས་ནག་སྦྲང་གོར་གྱི་ཁས་ལེན་ཚད་ནི་ཏིལ་མའི་མེ་ཏོག་བཞད་པ་ལྟར་ཡར་ནས་ཡར་ལ་འཕར། བན་དེ་རྒྱ་མཚོ་ད་ལྟའི་གནས་ཚུལ་འདི་ཙམ་གྱིས་ཡིད་ཚིམ་མེད། ཁོང་གིས་གསར་གཏོད་ནི་ཁེ་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཛད་མེད་ཡིན། འཕྲལ་ཐག་ཆོད་པོས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲོལ་རྒྱུན་གྱི་བྲོ་བ་ལྡན་པའི་ནས་ནག་སྦྲང་གོར་གྱི་སྤུས་ཚད་ཀྱི་རྨང་གཞིའི་ཐོག་བློ་ཞིབ་མོས་ཞོ་དང་འབྲི་ཏ་ས་འཛིན་སོགས་ཀྱི་བྲོ་བ་སྣ་མང་ལྡན་པའི་སྦྲང་གོར་བཟོས་ནས་བཏོན་པས། འཛད་སྤྱོད་པའི་བྲོ་བའི་འདེམ་གསེས་ཕུན་སུམ་ཚོགས་པར་བཏང་བ་མ་ཟད་འཛད་སྤྱོད་པའི་སོ་སོ་བའི་དགོས་མཁོའང་སྐོང་ཐུབ་པ་བྱུང་ཡོད།ད་ལོའི་ཟླ་3པར་ང་ཚོའི་སྦྲང་གོར་དེ་ཞང་ཀང་དུ་ཕྱིར་འཚོང་བྱས། ཐོན་ལས་འཕེལ་རྒྱས་ཀྱིས་འབྲོག་ཁུལ་གྱི་དཔལ་འབྱོར་དར་རྒྱས་ཡོང་བར་སྔར་བས་སྐུལ་འདེད་བཏང་ལ། འབྲོག་པ་མང་ཚོགས་སེམས་གཏིང་ནས་དགའ་སྤྲོ་སྐྱེས་ཤིང་། ནས་ནག་འདེབས་འཛུགས་བྱེད་པའི་ཧུར་བརྩོན་རང་བཞིན་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་ཅེས་བན་དེ་རྒྱ་མཚོས་དེ་ལྟར་བཤད། མིག་སྔར། ཁེ་ལས་དང་གྲོང་ཚོའི་འབྲོག་ཁྱིམ་བར་མཉམ་ལས་ཀྱི་འབྲེལ་བ་དམ་ཟབ་བཙུགས་ནས་འདེབས་འཛུགས་དང་ཉོ་སྒྲུབ། ལས་སྣོན་ཕྱིར་འཚོང་བཅས་ཀྱི་ཐོན་ལས་འབྲེལ་ཐག་ཆ་ཚང་ཞིག་ཆགས་ཡོད་ལ་གྲོང་གསེབ་དར་སྤེལ་ཆེད་དུ་སྒུལ་ཤུགས་ཆེན་པོ་བསྟམས་ཡོད།ཁེ་ལས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་དང་དུས་མཚུངས་སུ་ཕྲག་ཏུ་འཁུར་བའི་སྤྱི་ཚོགས་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས། ས་གནས་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་ལ་སྐུལ་ཁྲིད་ཤུགས་ཆེན་བྱས་ནས་ཁོང་ཚོས་ཕྱོགས་ཀུན་དང་ཞིབ་ཚགས་ཀྱི་སྒོ་ནས་སྦྲང་གོར་བཟོ་བའི་བཟོ་རྩལ་བརྒྱུད་རིམ་ཤེས་རྟོགས་ཐུབ་པ་དང་། མ་བཅོས་རྒྱུ་ཆའི་ཉོ་སྒྲུབ་དང་ནས་ནག་ལས་སྣོན། གོར་རྒྱུ་སྡེབ་བཟོ་དང་སོབ་བསྲེགས་ལག་རྩལ། སྤུས་ཚད་ཞིབ་དཔྱད། ཐུམ་སྒྲིལ་ཇུས་འགོད་སོགས་ཀྱི་ལྷུ་ཚིགས་སུ་སློབ་མ་རྣམས་ལ་ཤེས་བྱ་ཕུན་སུམ་ཚོགས་པ་ཐོབ་ཅིང་ལག་རྩལ་ཅིག་སྦྱངས་པ་མ་ཟད། ད་རུང་ཁྱིམ་གྱི་སྒོ་ཁ་ནས་བྱ་བ་ཞིག་རེག་སོང་།ལོ་རེར་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་ལས་གཞན་ད་དུང་ལོ་རེེར་སྡེ་མི་རྣམས་ལ་བགོ་བཤའ་བྱེད་རྒྱུ་ཡོད་པས་སྡེ་མིའི་ཡོང་འབབ་བརྟན་པོའི་ངང་འཕར། ཁེ་ལས་ཀྱིས་མུ་མཐུད་ནས་ཚན་རིག་ཞིབ་འཇུག་ལ་མ་དངུལ་མང་དུ་བཞག་སྟེ། ནས་ནག་གི་འཚོ་བཅུད་རིན་ཐང་དང་སྨན་སྤྱོད་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་སྟེ། གསར་གཏོད་རང་བཞིན་ལྡན་པའི་ཐོན་རྫས་སྔར་ལས་མང་བ་གསར་སྤེལ་བྱེད་པ་སྟེ་དཔེར་ན་ནས་ནག་ལུས་ཁམས་བདེ་སྲུང་གི་ཐོན་རྫས་དང་། ཕན་ནུས་རང་བཞིན་ལྡན་པའི་བཏུང་བྱ་སོགས་གསར་སྤེལ་བྱས་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་ཡོང་བར་སྟོབས་ཤུགས་སྔར་ལས་ལྷག་པ་འབུལ་དགོས་ཞེས་བཤད། །སངས་རྒྱས་སྐྱབས་ཀྱིས་བསྒྱུར།རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།རྩོམ་སྒྲིག་འགན་འཁུར་པ། རྡོ་རྗེ་བསམ་འགྲུབ།ལྟ་སྐུལ་པ། རིག་འཛིན་ཚེ་རིང་།སྤྱིའི་ལྟ་སྐུལ་པ། ཐུ་བོ་ཆེ།