ཟླ་བ་རྒྱལ་མཚན་གྱི་ལས་སྒོ་གསར་གཏོད་ལམ་བུ།
ཟླ་བ་རྒྱལ་མཚན་གྱིས་ཡུལ་སྐོར་པར་ཤ་སྐམ་འོས་སྦྱོར་བྱེད་བཞིན་པ།
ཟླ9པའི་ཚེས18ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རོང་བོ་ལྷ་དཀར་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་ཆེད་གཉེར་ཚད་ཡོད་ཀུང་སིའི་ཤ་སྐམ་ཐོན་སྐྱེད་ལས་སྣོན་བཟོ་གྲྭར་སོང་བ་ན། མིག་གི་མཐོང་ཚད་ལ་བསིལ་སྐམ་ནོར་ཤས་བཀང་ཞིང་།ཤའི་མདོག་ལེགས་ལ་དྲི་ཞིམ་གྱིས་ཁྱབ་འདུག
ལས་སྣོན་བཟོ་གྲྭའི་ནང་དུ་བྲེལ་འཚུབ་ཆེ་ཞིང་གོ་རིམ་ལྡན་པའི་རྣམ་པ་ཞིག་ཤར་འདུག ལས་བཟོ་པས་ལུས་ལ་ལས་ལྭ་གྱོན་ཞིང་མགོ་ལ་ལས་ཞྭ་གྱོན་པ་དང་། ལ་ལས་བྱང་ཆ་ལྡན་པའི་སྒོ་ནས་ནོར་ཤ་གསར་པ་ཆེ་ཆུང་དང་སྲབ་མཐུག་དོ་མཉམ་པར་གཏུབ་པ་དང་། ལ་ལས་དྲི་ཞིམ་ཕྱོགས་མེད་ཁྱབ་བཞིན་པའི་བྲོ་རྫས་སེམས་ཞིབ་མོས་སྡེབ་སྒྲིག་བྱེད་བཞིན་འདུག ཕྱིར་ཕ་ཡུལ་དུ་ལོག་ནས་ཀུང་སི་བཙུགས་པའི་བརྒྱུད་རིམ་གླེང་སྐབས། ཀུང་སིའི་འགན་འཛིན་པ་ཟླ་བ་རྒྱལ་མཚན་གྱིས་བཤད་རྒྱུར“ཕ་ཡུལ་ནི་ནམ་ཡང་སེམས་ཀྱི་དྲོད་ཐིག་དང་། ཡིད་ནས་འདོར་ཐབས་མེད་པའི་གནས་མལ་དེ་ཡིན”ཟེར།
ཟླ་བ་རྒྱལ་མཚན་འབྲོག་ཁུལ་ནས་འཚར་ལོངས་བྱུང་ལ། ཆུང་དུས་ནས་ཕ་ཡུལ་གྱི་ཟ་མ་ལ་སྤྲོ་བ་ཆེན་པོ་ལྡན་ཞིང་། ཁྱད་པར་ཤ་སྐམ་གྱི་ཐུན་མིན་བྲོ་བ་ལ་དགའ་དུང་ཟབ་མོ་ཡོད།
ཁོའི་ཕ་ཡུལ་རྩེ་ཁོག་རྫོང་ལ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་རྩྭ་ཆུ་འཛོམས་པོ་ཡོད་པས། ཁྱད་དུ་འཕགས་པའི་རང་བྱུང་ཐོན་ཁུངས་དེས་ནོར་ལུག་ལ་ཤ་ཤེད་རྒྱས་པའི་ཁོར་ཡུག་ལེགས་པོ་བསྐྲུན་ཡོད།“རང་བྱུང་ཁོར་ཡུག་གི་ལེགས་ཆ་བཟང་པོས་ཕ་ཡུལ་གྱི་སྐམ་ཤ་སྙི་མོ་ཡིན་པ་དང་འཚོ་བཅུད་ཕུན་སུམ་ཚོགས་པས། ཤ་སྐམ་བཟོ་བའི་མ་རྒྱུ་ལེགས་པོ་ཡིན་མོད། འོན་ཀྱང་གནས་ཡུལ་མཐའ་འཁོབ་ཡིན་པ་དང་། དཔལ་འབྱོར་འཕེལ་རྒྱས་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་པས། སྤུས་ལེགས་ནོར་ཤའི་ཐོན་ཁུངས་སྔོག་འདོན་བེད་སྤྱོད་གང་ལེགས་བྱེད་ཐུབ་ཀྱིན་མེད”2016ལོར་ཟླ་བ་རྒྱལ་མཚན་གྱིས་ཕྱིར་ཕ་ཡུལ་དུ་ལོག་ནས་ཀུང་སི་གསར་འཛུགས་བྱ་རྒྱུ་ཐག་བཅད་པ་དང་། རེ་བ་ནི་རང་གི་བསླབས་པའི་ཤེས་བྱས་ཕ་ཡུལ་གྱི་ཤ་སྐམ་སྔར་ལས་རྒྱ་ཆེ་བའི་ཁྲོམ་རར་འགྲེམ་རྒྱུ་དེ་རེད།
ལས་སྒོ་གསར་གཏོད་ཀྱི་ལམ་བུ་ནི་དེ་འདྲའི་ལས་སླ་མོས་གཏོད་ཐུབ་པ་ཞིག་ག་ལ་ཡིན། ཐོག་མའི་མ་དངུལ་བསྡུ་རུབ་བྱ་ཆེད། ཟླ་བ་རྒྱལ་མཚན་ཕྱོགས་བཞིར་སོང་ནས་གྲོགས་པོ་དང་གཉེན་ཉེ་ལ་སྒོར་མོ་བསྐྱི་བ་དང་། ལས་སྒོ་གསར་གཏོད་ཀྱི་དངུལ་བུན་ཧུར་ཐག་གིས་རེ་ཞུ་བྱས་མཐར། ཁོས་ཐོག་མའི་མ་དངུལ་གསོག་ཉར་བྱས་ཏེ། ལས་སྐྲུན་གྱི་གོམ་པ་དང་པོ་སྤོ་སོང་།
དུས་མཚུངས་སུ་ལག་རྩལ་གྱི་དཀའ་ཁག་དང་འཕྲད། ཤ་སྐམ་བཟོ་སྐྲུན་ལག་རྩལ་ནི་སྲོལ་རྒྱུན་ཡིན་མོད། འོན་ཀྱང་སྤུས་ཚད་མཐོ་བའི་ཐོན་རྫས་བཟོ་རྒྱུ་ནི་ལས་སླ་མོ་ཞིག་མིན། ཟླ་བ་རྒྱལ་མཚན་གྱིས་ཁྱད་འཕགས་ཀྱི་བཟོ་སྐྲུན་ལག་རྩལ་ཁོང་དུ་ཆུད་ན། ད་གཟོད་ཁྲོམ་རའི་འགྲན་རྩོད་ཁྲོད་འབུར་དུ་ཐོན་ཐུབ་པ་གསལ་པོར་ཤེས་པས། ཁོས་ཤ་སྐམ་གྱི་སྲོལ་རྒྱུན་བཟོ་སྐྲུན་ལག་རྩལ་ལ་ཞིབ་འཇུག་བྱེད་མགོ་བརྩམས་པ་དང་། ཐབས་ལམ་དང་ཐབས་རྩལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ཚོད་ལྟ་བྱས།
ཟླ་བ་རྒྱལ་མཚན་གྱིས་ཕ་ཡུལ་རྩྭ་ཐང་ནས་རང་བྱུང་གསོ་སྤེལ་བྱས་པའི་ནོར་གནག་གི་བརླ་ཤ་འདེམས་པ་དང་། བརླ་ཤའི་ཤ་རྒྱུ་དམ་ལ་ཤ་རིས་གསལ་པས། ཤ་སྐམ་བཟོ་བར་ཆེས་འཚམ་པ་རེད། “ནོར་ཤ་གཙང་མར་བཀྲུ་བ་དང་དྲོད་མཐོས་དུག་སེལ་བྱས་རྗེས། ཆེ་ཆུང་འདྲ་བའི་ནར་མོ་དང་ལེབ་མོར་གཏུབ་པ་དང་། དེ་ནས་བྲོ་བ་ལྟར་ཚྭ་དང་གཡེར་མ་སོགས་བྲོ་རྫས་ཀྱིས་བསྙལ། ཤ་སྐམ་གྱི་བྲོ་བར་ཁག་ལེགས་གང་ལེགས་བྱ་ཆེད། རྒྱུན་པར་དུས་ཚོད12ཀྱི་ཡན་ལ་བསྙལ་དགོས།”བསྙལ་བའི་གོ་རིམ་ཁྲོད་དུས་ངེས་མེད་དུ་ཤ་ཡར་སློག་མར་སློག་བྱས་ཏེ ནོར་ཤ་ལེབ་མོ་ཚང་མར་བྲོ་བ་རྒྱས་པར་ཁག་ཐེག་བྱེད་དགོས།
བསྙལ་ནས་ཚར་རྗེས། ནོར་ཤ་ནར་མོ་བསིལ་སྐམ་བྱེད་པའི་དུས་རིམ་ལ་སླེབས་པ་དང་། འདི་ནི་ཆེས་གནད་འགག་གི་དུས་རིམ་ཞིག་ཡིན། ཟླ་བ་རྒྱལ་མཚན་གྱིས་རང་བྱུང་བསིལ་སྐམ་དང་འཕྲུལ་ཆས་བསིལ་སྐམ་གཉིས་གཞི་གཅིག་ཏུ་སྦྲེལ་བའི་ཐབས་ལམ་སྤྱོད་བཞིན་ཡོད།
རྩེ་ཁོག་རྫོང་གི་སྤུས་ལེགས་ནོར་གནག
རྩེ་ཁོག་རྫོང་གི་མཁའ་དབུགས་གཙང་ཞིང་གནམ་གཤིས་བཟང་བས། རང་བྱུང་བསིལ་སྐམ་གྱི་གོ་རིམ་ཁྲོད། ནོར་ཤ་ལེབ་མོ་རིམ་བཞིན་སྲ་མོ་དང་ལྡད་རིན་ཡོད་ལ་བྲོ་བ་ཡང་ཇེ་ཞིམ་དུ་འགྱུར། འཕྲུལ་ཆས་ཀྱིས་སྐམ་པ་ནི་དེང་རབས་ཚན་རྩལ་གྱི་སྟོབས་ཤུགས་སྤྱད་དེ། གནད་ལ་ཁེལ་བའི་སྒོ་ནས་དྲོད་ཚད་དང་བརླན་ཚད་ཚོད་འཛིན་བྱེད་བཞིན་ཡོད། སྐམ་བསིལ་འཕྲུལ་ཆས་ནང་དུ་ནོར་ཤ་ནར་མོའི་ཆུ་མགྱོགས་མྱུར་ངང་ཤོར་བ་དང་། དུས་མཚུངས་སུ་ཚད་ཆེས་ཆེ་བའི་སྒོ་ནས་ནོར་ཤའི་འཚོ་བཅུད་དང་བྲོ་བ་རྒྱས་ཐུབ། འཕྲུལ་ཆས་ཀྱིས་བསིལ་སྐམ་བྱེད་པ་འདིས་ཐོན་སྐྱེད་ཀྱི་ལས་ཕྱོད་ཇེ་མཐོར་བཏང་སྟེ། ཐོན་རྫས་ཀྱི་གཏན་འཇགས་རང་བཞིན་དང་གཅིག་གྱུར་རང་བཞིན་ལ་ཁག་ཐེག་བྱས་ཐུབ། བསིལ་སྐམ་བྱེད་ཐབས་འདི་གཉིས་ཀྱིས་ཕན་ཚུན་ལ་གཞོགས་འདེགས་བྱས་པས། སྲོལ་རྒྱུན་བཟོ་རྩལ་གྱི་སྙིང་བོ་དམ་འཛིན་བྱས་པར་མ་ཟད། དེང་རབས་ཚན་རྩལ་གྱི་ལེགས་ཆ་ཡང་འདུས་ཡོད།
བསིལ་སྐམ་བྱས་རྗེས། ནོར་ཤ་ལེབ་མོའི་ངོས་ལ་གསེར་མདོག་གི་མདངས་མངོན་བྱུང་ལ། སྐབས་འདིར་ནོར་ཤ་བསིལ་སྐམ་ལ་ཁྱད་འཕགས་ཀྱི་བྲོ་བ་ལྡན། ཟླ་བ་རྒྱལ་མཚན་གྱིས་སྤོབས་པ་ཆེར་བསྐྱེད་ཀྱིས་བཤད་རྒྱུར“ངས་ནོར་ཤ་བསིལ་སྐམ་ལ་ཇུས་འགོད་བྱས་པའི་ཤོག་ཐུམ་འདི་ལ། ཕ་ཡུལ་གྱི་མཛེས་པའི་ཡུལ་ལྗོངས་དང་མི་ཆོས་རིག་གནས་གཞི་རྒྱུ་འདུས་པར་མ་ཟད། ཐོན་རྫས་ཀྱི་ཐོན་སྐྱེད་དུས་ཚོད་དང་། སྤུས་ཀའི་འགན་སྲུང་དུས་ཡུན། རྒྱུ་ཆའི་རེའུ་མིག་དང་ཟས་སུ་སྤྱོད་ཐབས་སོགས་ཀྱི་ཆ་འཕྲིན་ཞིབ་ཕྲའི་ངང་འདུས་ཡོད་པས། འཛད་སྤྱོད་པས་མངགས་ཉོ་དང་ཟ་བར་སྟབས་བདེ་བཟོས་ཡོད”ཟེར།
སྤུས་ཚད་ཀྱི་ཚད་མཐོ་བའི་འཚོལ་སྙེག་དང་ཐུན་མིན་གྱི་བཟོ་སྐྲུན་ལག་རྩལ་ལ་བརྟེན་ནས། ཟླ་བ་རྒྱལ་མཚན་གྱི་ཤ་སྐམ་ལ་ས་གནས་སུ་དགའ་བསུ་ཆེན་པོ་ཐོབ་གྱིན་ཡོད། ཕྱིར་འཚོང་གི་ལམ་བུ་རྒྱ་བསྐྱེད་ཆེད། ཁོ་རིགས་སོ་སོའི་འགྲེམ་འཚོང་བྱ་འགུལ་ལ་ཧུར་ཐག་གིས་ཞུགས་པ་རེད།
ལས་སྒོ་གསར་གཏོད་ཀྱི་ལམ་དུ། ཟླ་བ་རྒྱལ་མཚན་གྱིས་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་རྣམས་ནམ་ཡང་བརྗེད་མེད་ལ། གསོ་སྤེལ་ཁྱིམ་ཚང་ལ་ལག་རྩལ་མཛུབ་སྟོན་དང་གསོ་སྦྱོང་སྤེལ་ནས། ཁོ་ཚོར་རོགས་རམ་བྱས་པ་དང་གསོ་སྤེལ་གྱི་ཆུ་ཚད་དང་ནོར་ཤའི་སྤུས་ཚད་ཇེ་མཐོར་བཏང་། གསོ་སྤེལ་ཁྱིམ་ཚང་དང་ནོར་གནག་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་ནས། ཕྱིར་འཚོང་གི་དཀའ་ཁག་ཐག་གཅད་པ་དང་། ཁོ་ཚོར་གཏན་འཇགས་ཀྱི་ཡོང་འབབ་ཡོད་པར་རོགས་རམ་བྱས།
ཤ་སྐམ་གྱི་དྲི་ཞིམ་ཕྱོགས་བཞིར་ཁྱབ་ལ། ཕ་ཡུལ་ལ་བཅངས་པའི་བརྩེ་བ་ཟབ་མོ་ནམ་ཡང་བརྗེད་ཐབས་མེད། ཟླ་བ་རྒྱལ་མཚན་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་ན་གཞོན་གྱི་ཁག་ཁུར་དང་འགན་འཁྲི་ཕྲག་ཏུ་བླངས་ཤིང་། ཕ་ཡུལ་གྱི་འཕེལ་རྒྱས་ལ་སྟོབས་ཤུགས་དང་རེ་བ་གསར་པ་བསྩལ་བ་རེད། “ན་གཞོན་སྔར་ལས་མང་པོས་ཕ་ཡུལ་གྱི་འཕེལ་རྒྱས་ལ་དོ་ཁུར་བྱེད་པ་དང་། མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་ཐུབ་པའི་རེ་བ་བཅངས་ཡོད”ཅེས་ཟླ་བ་རྒྱལ་མཚན་གྱིས་གདོང་ལ་རེ་བས་ཁེངས་ནས་བཤད། །