བཙུན་མའི་བསྟོད་པ་ཉུང་ངུ། ཁྱུང་ཆེན་གྲགས་པ།

文摘   音乐   2024-10-17 16:57   四川  


བྱང་ཆུབ་སེམས་སྐྱེ་དོན་གཉིས་མཐར་ཕྱིན་ཤོག།




གངས་ཅན་གདུལ་བྱའི་མགོན་གཅིག་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ལ་ན་མོ།  ‍‍‍‍‍‍‍‍‍‍‍



  


སྙིགས་མའི་འགྲོ་རྣམས་ཆེས་ཆེར་སྐྱོབ་པ་ཡི།།
རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་བརྩེ་ཅན།།
རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་ཞབས་པད་ནི།།
སྲིད་མཐར་བསྙེན་པའི་ཕུན་ཚོགས་བརྟན་པར་ཤོག།

ཀྱེ་མ།
བཤང་གཅི་བྱུར་བུར་གཏམས་པ་ཡི།།
མི་གཙང་ཁང་ལ་དྲི་ཞིམ་མེད།།
ལས་དང་ཉོན་མོངས་དབང་གྱུར་པའི།།
འཁོར་བའི་གནས་ན་བདེ་བ་མེད། ། 

གང་ཞིག་འདི་ལས་ཐར་འདོད་ཀྱི།།
རྟོག་པ་གཅིག་གི་བསོད་ནམས་ཀྱིས།།
འཇིག་རྟེན་ཕུན་ཚོགས་ཟིལ་གནོན་པའི།།
དཔལ་གྱི་རི་བོ་བསྐྲུན་པར་ནུས།།

གང་ཞིག་འདི་ལས་འབྲོས་འདོད་ཀྱི།།
གོམ་གཅིག་བོར་བའི་ལས་ཀྱིས་ཀྱང་།།
བསྐལ་མང་མཐའ་ལ་མྱོང་ངེས་པའི།།
སྡུག་བསྔལ་རྒྱ་མཚོ་སྐེམས་པར་ནུས།།


ཀྱེ་མ།
ཅི་ཡང་མི་ཤེས་འགྲོ་བ་ཕལ།།
མ་རིག་ལིང་ཏོག་གིས་སྒྲིབ་ནས།།
སྡུག་བསྔལ་རྒྱ་མཚོའི་གནས་འདི་ལ།།
ཐེ་ཚོམ་ཙམ་ཡང་མེད་པར་འཁྱམ།།

བདག་གཞན་བར་མས་ཕྱེ་ན་ཡང་།།
གཅིག་ཏུ་རྟོགས་ཏེ་གཅིག་ཏུ་འཁྲུལ།།
སྔ་ཕྱི་དུས་ཀྱིས་འགྱུར་ན་ཡང་།།
རྟག་ཏུ་རྟོགས་ཏེ་རྟག་ཏུ་འཁྲུལ།།


ཐར་བའི་གླིང་བགྲོད་ངང་མོའི་ཁྱུ།།
དགེ་སྦྱོང་དམ་པའི་ཚོགས་ལ་ཡང་།།
གཤེ་སྐུར་དམན་ལྟ་བྱེད་པས་ཀྱང་།།
བཅོས་མེད་གདོན་གྱིས་སྙིང་རྩ་བཟུང་།།

མི་གཙང་གདོས་བཅས་ཕུང་པོ་རུ།།
མི་གཙང་རྣམ་རྟོག་འགེངས་བཞིན་དུ།།
གཙང་མར་འདོད་པས་རྒྱན་སྤྲས་ཀྱང་།།
དེ་ལ་སྙིང་དུ་སྡུག་པ་ཅི།།

མ་རིག་གཏི་མུག་སྨག་ལ་འཇུག།
ཞེ་སྡང་སྦྲུལ་གྱི་མགོ་འཕང་མཐོ།།
འདོད་ཆགས་མི་གཙང་འདམ་དུ་བྱང་།།
འཇིག་རྟེན་པ་ལ་དགའ་བ་ཅི།།

དུག་གསུམ་གྱིས་ནི་སློང་བ་ཡི།།
ངག་གི་སྨྲ་བ་ཅི་ལ་གཙང་།།
སྒོ་གསུམ་ཐ་མལ་ལུས་པ་ཡི།།
སྤྱོད་ལམ་དག་ཀྱང་ག་ལ་བཙུན།།


དེ་ལྟས་མཚར་བའི་ལྟད་མོ་ལ།།
སྡུག་མོའི་སྐྲ་ལོའི་རྩ་བ་བྲེག།
ལས་ཉོན་གཡོག་གི་ལྭ་བ་བརྗེས།།
བརྩེ་གདུང་འཆིང་བའི་སྲེད་ཐག་བཅད།།
ཐར་བའི་གླིང་དུ་བགྲོད་པ་ཡི།།
དགེ་སྦྱོང་ངང་མོའི་ཁྱུ་ཚོགས་བསྟར།།

ཤེས་རབ་སྙིང་ལ་སིམ་པ་ཡི།།
ཞི་དུལ་སྤྱོད་པའི་གོམས་འགྲོས་མཛེས།།
སྙིང་རྗེ་འོད་དུ་ཞུ་བ་ཡི།།
ངུར་སྨིག་བགོ་བའི་བཀྲག་མདངས་མཛེས།།
ཁྲེལ་དང་ངོ་ཚའི་སྒོ་སྡོམ་པས།།
ལུགས་གཉིས་ཡོན་ཏན་ཁུར་དུ་ལྕི།།

སྡེ་སྣོད་ཆོས་ཀྱི་བགྲོ་བ་སྙན།།
འོད་གསལ་རྟོགས་པའི་ཤན་འབྱེད་ཡག།
ལུང་རྟོགས་ཉི་ཟླའི་རྒྱན་འཕྲེང་ཅན།།
སྲིད་ཞི་ཀུན་གྱི་དཔལ་དུ་གྲགས།།


རང་ལུས་རྩེད་ཆས་མི་བྱེད་ཅིང་།།
གཞན་ལུས་སྲོག་ལ་མི་འཚེ་ཞིང་།།
ལོག་འཚོའི་ཟས་ནོར་སྤོང་བ་ཡི།།
ལུས་ཀྱི་སྤྱོད་པས་མཆོག་ཏུ་བསྔགས།།

གཞན་མགོ་སྐོར་བའི་རྫུན་མེད་ཅིང་།།
མཐུན་པ་འབྱེད་པའི་དབྱེན་མེད་ཅིང་།།
སྲེག་པའི་ཚིག་དང་འཁྱལ་བའི་ངག།
སྤོང་བས་ངག་གི་ཡོན་ཏན་རྫོགས།།

གཞན་ནོར་མི་རྔམ་ཆོག་ཤེས་ཐོབ།།
གཞན་ལ་མི་འཚེ་ཞི་བས་དུལ།།
བདེན་པའི་གནས་ལ་སྒྲོ་སྐུར་བྲལ།།
ཐུགས་ཀྱི་ཡོན་ཏན་རྨད་དུ་བྱུང་།།

ཚངས་སྤྱོད་རྒྱན་གྱིས་མཛེས་པ་དག།
ཉིན་གཅིག་འཚོ་ཡང་དགེ་བ་ཡིན།།
སྒོ་གསུམ་མི་སྡོམ་འཆལ་བ་དག།
ཉིན་གཅིག་འཚོ་ཡང་སྡིག་པ་ཡིན།།

རྒྱལ་ལ་སྲིད་ཀྱི་ཉེས་པ་ཡོད།།
སྒེག་ལ་འཆལ་བའི་ཉེས་པ་ཡོད།།
ཁྱིམ་ལ་འཁོར་བའི་ཉེས་པ་ཡོད།།
ཚངས་སྤྱོད་ལྡན་ན་ཉེས་ཟད་ཡིན།། 

སྲིད་པ་སྐྱོང་བའི་ཁུར་བོར་ཡང་།།
སྲིད་པའི་སེམས་ཅན་མི་གཏོང་ཞིང་།།
གཅིག་ལ་མཛའ་བའི་སེམས་དབེན་ཡང་།།
ཀུན་ལ་བྱམས་སེམས་མི་གཏོང་བའི།།
རླབས་ཆེན་ཐུགས་བསྐྱེད་ཡངས་པས་ཀྱང་།།
འཇིག་རྟེན་མི་མོའི་མཆོག་ཏུ་བསྔགས།།

བསྐལ་པའི་ཡུན་ལ་ཆགས་པའི་བྲན།།
སྐལ་བཟང་དེང་འདིར་ཆགས་མེད་གནས།།
ཇོ་མོ་བཙུན་མའི་མིང་ཙམ་ཡང་།།
ཐོབ་པ་འདི་ཀོ་བསོད་ནམས་ཆེ།།

ཐམས་ཅད་ནོར་གྱིས་བསླུས་བསླུས་ནས།།
ཅི་ལ་རིན་ཐང་མེད་པའི་དུས།།
ཚངས་སྤྱོད་ལྡན་པའི་ལུས་རྟེན་ནི།།
དཔལ་གྱི་འཁྲི་ཤིང་བཟང་པོ་ཡིན།།

སྡིག་པའི་གཡོག་དང་མི་འདྲ་བས།།
ཕ་མའི་དྲིན་ལན་འདི་ཡིས་སོད།།
འཁོར་བའི་ཆོས་དང་མི་འདྲ་བས།།
འགྲོ་ལ་བདེ་སྐྱིད་འདི་ཡིས་སྤེལ།།

སྲིད་ལ་ངེས་འབྱུང་གོམས་པ་དང་།།
ཞི་ལ་སྙིང་རྗེ་ཆེ་བ་ཡི།།
ཁྲིམས་ལྡན་སྡེ་སྣོད་འཛིན་མ་ཡིས།།
འཇིག་རྟེན་དགེ་ལེགས་འཕེལ་གྱུར་ཅིག།

ཤིང་འབྲུག་ལོ་སྟེ༢༠༢༤ལོའི་ཟླ་བ་༨པའི་ཚེས་༡༥ལ་ཁྱུང་ཆེན་གྲགས་པས་བྲིས་པ་དགེ་འོ།།

                     






རྒྱ་ཆེན་ཐོས་པ་བསགས་པའི་མཁའ་ལམ་ནས།། 

ལྷག་བསམ་སྤྲིན་གྱི་འདུ་བ་རབ་བཀོད་ནས།། 

སྤོབས་པའི་ལྕི་བའི་སྤྲིན་གྱི་སྒྲ་དབྱངས་ཀྱིས།།

ཕན་བདེའི་གྲུ་ཆར་རྟག་ཏུ་འབེབས་པར་ཤོག།




ཁྱེད་ཉིད་ཕེབས་བསུ་ཡོད།





བྱང་ཆུབ་སེམས་དཔའི་བསམ་སྤྱོད་ཀྱི་རི་མོ་འབྲི་ཨེ་ཤེས་ལྟ།




琼秦扎巴 QiongQinZaba
རྒྱ་ཆེན་ཐོས་པ་བསགས་པའི་མཁའ་ལམ་ནས།ཕན་བདེའི་གྲུ་ཆར་རྟག་ཏུ་འབེབས་པར་ཤོག། ཁྱུང་ཆེན་གྲགས་པ་སྒེར་གྱི་ལས་སྟེགས།🌹🤗
 最新文章