སྤྱོད་འཇུག་གི་བཤད་འགྲེལ། ༤༩ ཁྱུང་ཆེན་གྲགས་པ།

文摘   音乐   2023-11-24 15:49   四川  


བྱང་ཆུབ་སེམས་སྐྱེ་དོན་གཉིས་མཐར་ཕྱིན་ཤོག








བྱང་ཆུབ་སེམས་དཔའི་རྩ་ལྟུང་བཅོ་བརྒྱད་ནི་བསླབ་བཏུས་ལས།


༼༡དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ།

    ཕས་ཕམ་པ་ཡི་ལྟུང་བར་འདོད།།

༼༢དམ་པའི་ཆོས་ནི་སྤོང་བྱེད་པ།།

     གཉིས་པར་ཐུབ་པས་གསུང་བ་ཡིན།།

༼༣ཚུལ་ཁྲིམས་འཆལ་བའི་དགེ་སློང་ལ།།

     ངུར་སྨིག་འཕྲོག་དང་བརྡེག་པ་དང་།།

     སྲོག་དང་འབྲལ་བྱེད་གསུམ་པ་ཡིན།།

༼༤མཚམས་མེད་ལྔ་པོ་བྱེད་པ་དང་། 

༼༥ལོག་པར་ལྟ་བ་འཛིན་པ་དང་།།

༼༦....༡༠གྲོང་ལ་སོགས་པར་འཇིག་པ་ཡང་།།

རྩ་བའི་ལྟུང་བ་ཐུབ་པས་གསུངས།།

༼༡༡བློ་སྦྱང་མ་བྱས་སེམས་ཅན་ལ།།

     སྟོང་པ་ཉིད་ནི་བརྗོད་པ་དང་།།

༼༡༢སངས་རྒྱས་ཉིད་ལ་ཞུགས་པ་རྣམས།།

      རྫོགས་པའི་བྱང་ཆུབ་བཟློག་པ་དང་།།

༼༡༣སོ་སོར་ཐར་བ་ཡོངས་སྤངས་ནས།།

      ཐེག་པ་ཆེ་ལ་སྦྱར་བ་དང་།།

༼༡༤སློབ་པའི་ཐེག་པས་ཆགས་ལ་སོགས།།

     སྤོང་བར་འགྱུར་བ་མིན་ཞེས་འཛིན།།

     ཕ་རོལ་དག་ཀྱང་འཛིན་འཇུག་དང་།།

༼༡༥རང་གི་ཡོན་ཏན་བརྗོད་པ་དང་། 

       རྙེད་པ་དང་ནི་བཀུར་བསྟི་དང་།།

       ཚིག་བཅད་རྒྱུ་ཡིས་གཞན་སྨོད་དང་།།

༼༡༦བདག་ནི་ཟབ་མོ་བཟོད་པའོ་ཞེས།།

       ལོག་པ་ཉིད་ནི་སྨྲ་བ་དང་།།

༼༡༧དགེ་སྦྱོང་ཆད་པས་གཅོད་འཇུག་དང་།།

      དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང་།།

        སྦྱིན་པ་ལེན་པར་བྱེད་པ་དང་།།

 ༼༡༨ཞི་གནས་འདོར་བར་བྱེད་པ་དང་།།

       ཡང་དག་འཇོག་གི་ལོངས་སྤྱོད་རྣམས། 

         ཁ་ཏོན་བྱེད་ལ་སྦྱིན་པ་དང་།།

       འདི་དག་རྩ་བའི་ལྟུང་བ་སྟེ།།

       སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ།།ཞེས་གསུངས་སོ།།


གཞུང་རྩ་བ་ནི།

ལོག་པར་ལྷུང་དང་མགོན་མེད་དང་།།བརྟུལ་ཞུགས་གནས་ལ་བགོ་བྱ་ཞིང་།།རན་པ་ཙམ་དུ་བཟའ་བྱ་སྟེ།།ཆོས་གོས་གསུམ་མ་གཏོགས་པ་སྦྱིན།།དམ་པའི་ཆོས་ནི་སྤྱོད་པའི་ལུས།།ཕྲན་ཚེགས་ཆེད་དུ་གནོད་མི་བྱ།།དེ་ལྟར་བྱས་ན་སེམས་ཅན་གྱི།།བསམ་པ་མྱུར་དུ་རྫོགས་པར་འགྱུར།།སྙིང་རྗེའི་བསམ་པ་མ་དག་པར།།ལུས་འདི་གཏང་བར་མི་བྱ་སྟེ།།ཅི་ནས་འདི་དང་གཞན་དུ་ཡང་།།དོན་ཆེན་སྒྲུབ་པའི་རྒྱུར་གཏང་ངོ་།།མ་གུས་པ་ལ་ཆོས་མི་བཤད།།མི་ན་བཞིན་དུ་མགོ་དཀྲིས་དང་།།གདུགས་དང་འཁར་བ་མཚོན་ཐོགས་དང་།།མགོ་བོ་གཡོགས་པ་དག་ལ་མིན།།དམན་ལ་ཟབ་དང་རྒྱ་ཆེ་དང་།།སྐྱེས་པ་མེད་པར་བུད་མེད་མིན།།དམན་དང་མཆོག་གི་ཆོས་རྣམས་ལ།།མཚུངས་པར་གུས་པས་ཀུན་དུ་སྤྱད།།རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ།།དམན་པའི་ཆོས་ལ་སྦྱར་མི་བྱ།།སྤྱོད་པ་ཡོངས་སུ་དོར་མི་བྱ།།མདོ་དང་སྔགས་ཀྱིས་འདྲིད་མི་བྱ།།སོ་ཤིང་དང་ནི་མཆིལ་མ་དག།དོར་བ་ན་ནི་དགབ་པར་བྱ།།གཅི་ལ་སོགས་པའང་ལོངས་སྤྱོད་པའི།།ཆུ་དང་ཐང་ལ་དོར་བ་སྨད།།ཁ་བཀང་བ་དང་སྒྲ་བཅས་དང་།།ཁ་གདངས་ནས་ནི་བཟའ་མི་བྱ།།རྐང་པ་བརྐྱང་སྟེ་མི་འདུག་ཅིང་།།ལག་པ་མཉམ་པར་མི་མཉེའོ།།བཞོན་པ་མལ་སྟན་གནས་དག་ཏུ།།བུད་མེད་གཞན་དང་གཅིག་མི་བྱ།།འཇིག་རྟེན་མ་དད་གྱུར་པ་ཀུན།།མཐོང་དང་དྲིས་ཏེ་སྤང་བར་བྱ།།སོར་མོས་བརྡ་ནི་མི་བྱ་སྟེ།།གུས་དང་བཅས་པས་གཡས་པ་ཡི།།ལག་པ་དག་ནི་ཀུན་གྱིས་ཀྱང་།།ལམ་ཡང་དེ་ལྟར་བསྟན་པར་བྱ།།ལག་པ་ཤས་ཆེར་བསྐྱོད་མིན་ཏེ།།ཅུང་ཟད་བསྐྱོད་ལ་སྒྲ་བསྒྲགས་པ།།སེ་གོལ་ལ་སོགས་བརྡ་བྱས་ཏེ།།གཞན་དུ་མ་བསྡམས་པར་འགྱུར་རོ།།མགོན་པོ་མྱ་ངན་འདས་གཟིམས་ལྟར།།འདོད་པའི་ཕྱོགས་སུ་ཉལ་བར་བྱ།།ཤེས་བཞིན་མྱུར་དུ་ལྡང་སེམས་ལ།།ཐོག་མ་ཉིད་དུ་ངེས་པར་སྦྱར།།བྱང་ཆུབ་སེམས་དཔའི་སྤྱོད་པ་དག།ཚད་མེད་པར་ནི་གསུངས་པ་ལས།།སེམས་སྦྱང་བ་ཡི་སྤྱོད་པ་ནི།།ངེས་པར་དེ་སྲིད་སྤྱད་པར་བྱ།།ཉིན་དང་མཚན་མོ་ལན་གསུམ་དུ།།ཕུང་པོ་གསུམ་པ་གདོན་བྱ་ཞིང་།།རྒྱལ་དང་བྱང་ཆུབ་སེམས་བརྟེན་པས།།ལྟུང་བའི་ལྷག་མ་དེས་ཞི་བྱ།།རང་ངམ་གཞན་གྱི་དབང་ཡང་རུང་།།གནས་སྐབས་གང་དུ་ཅི་སྤྱོད་ཀྱང་།།བསླབ་པར་གསུངས་པ་གང་ཡིན་པའི།།གནས་སྐབས་དེ་ལ་འབད་དེ་བསླབ།།རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ།།དེ་ནི་གང་ཡང་ཡོད་མིན་ཏེ།།དེ་ལྟར་གནས་པའི་མཁས་པ་ལ།།བསོད་ནམས་མི་འགྱུར་གང་ཡང་མེད།།དངོས་སམ་ཡང་ན་བརྒྱུད་ཀྱང་རུང་།།སེམས་ཅན་དོན་ལས་གཞན་མི་སྤྱད།།སེམས་ཅན་ཁོ་ནའི་དོན་གྱི་ཕྱིར།།ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ།།རྟག་པར་དགེ་བའི་བཤེས་གཉེན་ནི།།ཐེག་ཆེན་དོན་ལ་མཁས་པ་དང་།།བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག།སྲོག་གི་ཕྱིར་ཡང་མི་བཏང་ངོ་།།དཔལ་འབྱུང་བ་ཡི་རྣམ་ཐར་ལས།།བླ་མ་བསྟེན་པའི་ཚུལ་ལྟར་བསླབ།།འདི་དང་སངས་རྒྱས་བཀའ་སྩལ་གཞན།།མདོ་སྡེ་བཀླགས་ནས་ཤེས་པར་བྱ།།མདོ་སྡེ་རྣམས་ལས་བསླབ་པ་སྣང་།།དེ་བས་མདོ་སྡེ་བཀླག་པར་བྱ།།ནམ་མཁའི་སྙིང་པོའི་མདོ་སྡེ་ནི།།ཐོག་མ་ཉིད་དུ་བལྟ་བར་བྱ།།གང་ཕྱིར་རྟག་ཏུ་སྤྱད་པ་ནི།།དེ་ལས་རྒྱ་ཆེར་རབ་སྟོན་པས།།བསླབ་པ་ཀུན་ལས་བཏུས་པ་ཡང་།།ངེས་པར་ཡང་དང་ཡང་དུ་བལྟ།།ཡང་ན་རེ་ཞིག་མདོར་བསྡུས་པའི།།མདོ་རྣམས་ཀུན་ལས་བཏུས་པ་བལྟ།།འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི།།གཉིས་པོ་འང་འབད་པས་བལྟ་བར་བྱ།།གང་ལས་གང་ནི་མ་བཀག་པ།།དེ་ཉིད་སྤྱད་པར་བྱ་བ་སྟེ།།འཇིག་རྟེན་སེམས་ནི་བསྲུང་བའི་ཕྱིར།།བསླབ་པ་མཐོང་ནས་ཡང་དག་སྤྱད།།ལུས་དང་སེམས་ཀྱི་གནས་སྐབས་ལ།།ཡང་དང་ཡང་དུ་བརྟག་བྱ་བ།།དེ་ཉིད་ཁོ་ན་མདོར་ན་ནི།།ཤེས་བཞིན་བསྲུང་བའི་མཚན་ཉིད་དོ།།ལུས་ཀྱིས་འདི་དག་སྤྱད་པར་བྱ།།ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ།།སྨན་དཔྱད་བཀླགས་པ་ཙམ་གྱིས་ནི།།ནད་པ་དག་ལ་ཕན་འགྱུར་རམ།།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས།ཤེས་བཞིན་བསྲུང་བར་བྱ་བ་སྟེ་ལེའུ་ལྔ་པའོ།།།།


ཞེས་གསུང་པའི་དོན་ནི།


                                 








འདོད་པའི་ལོག་གཡེམ་གྱི་ཉེས་དམིགས། 


གང་ཞིག་དྲན་པས་ལོག་འདྲེན་གདོན་གྱི་མཐུ།།

དཔག་ཚད་བྱེ་བའི་ཕ་མཐར་སྐྲོད་བྱེད་པ།།

གངས་ཅན་གདུལ་བྱ་སྐྱོབ་པའི་མགོན་གཅིག་པུ།།

མཚོ་སྐྱེས་རྡོ་རྗེས་འགྲོ་བློ་དགེ་གྱུར་ཅིག། 


འདོད་ལོག་སྤྱོད་པས་ངན་འགྲོར་འཁྱམ་པ་དང་།།

འཇིག་རྟེན་འདིར་ཡང་གནོད་པ་མང་མཐོང་ཕྱིར།།

བཀའ་དང་བསྟན་བཅོས་ཀུན་ལས་འདི་ཉིད་ཀྱི།།

ཉེས་དམིགས་མང་བཤད་སྐྱེ་བོས་ཤེས་པར་བྱ།།


འདོད་པ་མེད་པའི་མི་ཞིག་ནི།།

འདོད་པའི་ཁམས་ན་མི་སྲིད་མོད།།

ཧ་ཅང་འདོད་པ་ཆེ་བ་ནི།།

འདོད་ཁམས་ལ་ཡང་རུང་མ་ཡིན།།


དེང་དུས་འཛམ་གླིང་ཤར་ནུབ་ཏུ།།

བྱུང་བའི་གྱོད་དོན་ཕལ་མོ་ཆེའི།།

ཁུངས་ནི་འདོད་ལ་ཐུག་པའི་ཕྱིར།།

འདོད་ཆེན་འདྲ་བའི་ཉེས་གཞན་མེད།།


བསོད་ནམས་ཟོམ་ཏུ་གཏམས་ཡོད་ན།།

ཟོམ་རྐུབ་རྟོལ་བ་ལོག་གཡེམ་ཡིན།།

མཛའ་བ་གསེར་གྱིས་སྦྲེལ་ཡོད་ན།།

མཛའ་ཐག་གཅོད་པ་ལོག་གཡེམ་ཡིན།།


ཟས་ནོར་ཡོད་པ་ཆུད་ཟར་གྱུར།།

གོ་ཐོབ་ཆེ་ཡང་དམའ་སར་ལྷུང་།།

གྲགས་པ་ཆེ་ཡང་ངན་གྱིས་སྨོད།།

གཡེམ་ལ་དགའ་བའི་ཉེས་པ་ཡིན།།


ཕ་མ་སྤུན་ཡང་སྡང་བར་ཞུགས།།

རུ་སྐོར་ཁྱིམ་མཚེས་ངན་ཤགས་བྱེད།།

མཛའ་བ་ཀུན་ཀྱང་མི་མཛའ་བ།།

གཡེམ་ལ་དགའ་བའི་ཉེས་པ་ཡིན།།


རིགས་རྒྱུད་དག་གིས་མཐོ་ཡང་རུང།།

ལོ་ཚོད་དག་གིས་རྒན་ཡང་རུང་།།

ཡོན་ཏན་དག་གིས་ཆེ་ཡང་རུང་།།

གཡེམ་ལ་དགའ་ན་སྨོད་ཅིང་སྡང་།།


སྨྲ་བ་འཆལ་ཡང་ཆགས་གཏམ་བྱེད།།

སྤྱོད་པ་འཆལ་ཡང་ངོ་ཚ་མེད།།

ཤེལ་པ་འཆལ་ཡང་དྲན་ཤེས་མེད།།

གཡེམ་ལ་དགའ་བའི་ཉེས་པ་ཡིན།།


མི་གཙང་རྐྱལ་པའི་ཕུང་པོ་ལ།།

མི་གཙང་སྲེད་པས་བཅིང་བ་དག།

ཡིད་ཀྱི་ཉེར་ལེན་བྱེད་གོམས་ནས།།

བཞིན་གྱི་མདངས་ཡལ་ལུས་སྟོབས་ཤོར།།


སྐད་ཅིག་དག་གིས་རྫོགས་བྱེད་པའི།།

ཟག་བཅས་བདེ་བར་རྗེས་ཆགས་ནས།།

ཆོས་སྲིད་གཉིས་ཀར་ཁྲེལ་མེད་པས།།

རང་གིས་རང་ལ་ཡིད་རྟོན་བྲལ།།


ཚུལ་མིན་ལོག་པའི་དོན་ཡིན་ཕྱིར།།

དྭངས་བའི་ཁམས་ཀྱང་འཁྲུག་པར་བྱེད།།

ཞི་བའི་སེམས་ཀྱང་རྙོག་པར་བྱེད།།

བདེ་བའི་ལུས་ཀྱང་ན་བར་བྱེད།།


མི་ཚེ་གློག་གི་སྣང་འགྲོས་ལ།།

བདེ་བའི་ཁྱིམ་གཞི་བསྐྲུན་པ་དང་།།

དགའ་བའི་ཚེ་གྲོགས་རྙེད་པ་ཡང་།།

ལོག་གཡེམ་ཅན་ལ་དགྲ་རུ་སྡང་།།


འཁོན་འཁྲུག་སེམས་ཀྱི་ས་བོན་བཏབ།། 

ཚིག་ངན་མཚོན་གྱི་རྨ་ཁ་བཟོས།།

ཁྱིམ་གྱི་དཔལ་ཡོན་ཉམས་བྱེད་པའི།།

ལས་ཀྱི་ཆུང་མ་རི་ལ་ཕུད།།


འཆི་བདག་བཙན་པས་མ་ཡིན་རུང་།།

ཚུགས་མེད་སྐྱེ་བོའི་འཆལ་སྤྱོད་ལས།།

ཁྱིམ་གྱི་དྲོད་ཁོལ་མི་དབང་བའི།།

དྭ་ཕྲུག་མང་པོར་ངུ་སྐད་སློང་།།


རིགས་རྒྱུད་གང་ཡིན་མི་གོ་ཞིང་།།

གོ་ཡང་བདག་པོ་མི་བྱེད་པའི།།

ཁྲིམས་མེད་ལུགས་མེད་འཆལ་སྤྱོད་དག།

གཡེམ་ལ་དགའ་བ་དག་གིས་བྱེད།།


མངལ་གྱི་ཚེ་སྲོག་གསར་བ་དག།

མི་འདོད་གསོད་སྦྱོར་བྱེད་པ་ཡང་།།

ཕ་མའི་ལས་འགན་མི་ཐེག་པའི།།

གཡེམ་ལ་དགའ་བ་དག་གིས་བྱེད།།


གཞི་ནས་བཅོས་སུ་མི་བཏུབ་པའི།།

ཨེ་ཛི་ལ་སོགས་ནད་ངན་རིགས།།

རི་ལུང་ཀུན་ཏུ་ཁྱབ་པ་ཡང་།།

གཡེམ་ལ་དགའ་བ་དག་གིས་བྱེད།།


འདོད་པའི་ལོག་པར་གཡེམ་པ་དག།

རྣམ་སྨིན་རྒྱ་མའི་ཡང་ལྗིད་ཀྱིས།

དུད་འགྲོ་དང་ནི་ཡི་དྭགས་དང་།།

དམྱལ་བར་སྐྱེ་བར་ཐུབ་པས་གསུངས།།


ཚུལ་འདི་ཐོས་པའི་སྐྱེ་བོའི་ཚོགས།།

གཡེམ་གྱི་ཉེས་དམིགས་ཤེས་གྱུར་ནས།།

ཚུལ་མཐུན་ཕོ་མོ་འགྲོག་པ་ཡང་།།

དགའ་བཞིའི་ཡེ་ཤེས་རྒྱུར་གྱུར་ཤོག།  


༢༠༢༣/༡༠/༩་ལ་ཁྱུང་ཆེན་མིང་གིས་སྦྱར་བའོ།།



དཔལ་ལྡན་ཟླ་བའི་ཞལ་ནས། 

གལ་ཏེ་གཏི་མུག་བརྟེན་ནས་ལས་བྱུང་གཏི་མུག་མེད་པར་དེ།།

མི་འབྱུང་ཞེས་བྱར་མི་མཁས་ཁོ་ནས་རྟོགས་པར་གོར་མ་ཆག།

བློ་བཟང་ཉི་མས་མུན་པ་སྟུག་པོ་རྣམ་པར་བསལ་བ་བཞིན།།

མཁས་པ་དག་ནི་སྟོང་ཉིད་ཁོང་དུ་ཆུད་ཅིང་གྲོལ་བར་འགྱུར།།

ཞེས་པའི་དོན་ནི་ཇི་སྐད་དུ།རྗེ་གུང་ཐང་བའི་ཞལ་ནས།དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ།།བརྟེན་ཕྱིར་ཞེས་གསུང་བ་ལྟར་ཚིག་གི་འབྲུ་མ་ནོན་ན་དོན་གྱི་གོ་བ་ཤེས་ལུགས་མེད་པས་ཚིག་འགྲེལ་གྱིས་དོན་ཅུང་ཟད་ཅིག་ཕྱེ་ན།དོན་ལ་མཁས་པ་དག་གིས་འདི་སྐད་སྨྲ་ལུགས་མེད་པས་ན་མེད་པ་གང་ཞིག་ཡོད་པའི་དབང་དུ་བྱེད་ན་ཞེས་པའི་དོན་གྱིས་བརྟགས་པ་མཐར་བཟུང་གི་ཚིག་སྟེ་ག༷ལ་ཏེ༷་ཞེས་གསུང་།དེ་ཡང་དངོས་པོ་མཚན་མ་རང་མཚན་གྱིས་གྲུབ་པར་ཞེན་པའི་བདག་འཛིན་འཁྲུལ་བའི་དབང་དུ་ན་འདུ་བྱེད་སོགས་འཕེན་བྱེད་གསུམ་དང་མིང་གཟུགས་སོགས་འཕངས་བྱེད་བཞི།སྲེད་དང་སྐྱེ་སོགས་འགྲུབ་དང་གྲུབ་པའི་ཡན་ལག་ལྔ་དག་ནི་རྨི་ལམ་གྱི་སྣང་བ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་གཏི༷་མུ༷ག་ལ་བརྟེ༷ན་ན༷ས་དེ་ལ༷ས་བྱུ༷ང་བ༷་དེས་དེ་འཁྲུལ་བ་ཡིན་པར་མ་ཤེས་པར་མགོ་འཐོམས་ནས་སྨྲ་བའི་རང་སྡེ་དངོས་སྨྲ་བ་སོགས་ཀྱིས་དོན་རང་མཚན་ནམ་རངབཞིན་གྱིས་གྲུབ་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་གཏི༷་མུ༷ག་མེ༷ད་པ༷ར་རྟེན་འབྲེལ་ཡན་ལག་གཞན་དག་དེ༷་རིགས་ཀྱང་གཏན་ནས་འབྱུང་མི་རིགས་པར་འདོད་པས་ན་མི༷་འབྱུ༷ང་ཞེས་གསུང་།དེ་ལྟ་བུའམ་ཞེ༷ས་བྱ༷་བར༷་ཞེན་དང་དངོས་འཛིན་ཁོ་ནས་སྨྲ་བ་བསྐྱངས་བ་རྣམས་ནི་གནས་ལུགས་དོན་ལ་མཁས་པའི་དབུ་མ་པས་ལྟས་ན་ཆོས་རྣམས་ཀྱི་རང་བཞིན་ལ་མི༷་མཁ༷ས་པ་སྟེ་བླུན་པོ་ཁོ༷་ན༷ས་སམ་འབའ་ཞིག་གིས་དེ་ལྟར་རྟོ༷གས་པ༷ར་རམ་ཤེས་པར་བྱེད་པ་གོ༷ར་མ་༷ཆ༷ག་གམ་ཐེ་ཚོམ་ཅི་ཞིག་ཡོད་ཅེས་གསུང་།ཡང་རང་ཅག་གིས་དོན་གྱི་གནས་ལུགས་མ་རྟོགས་པ་ལ་འཁྲུལ་བའི་རང་བཞིན་གྱི་སྣང་བ་མེད་བཞིན་དུ་འབྱུང་རིགས་པ་ནི་འཁྲུལ་བའི་དབང་གིས་ཡིན་ཏེ་དཔེར་རྨི་ལམ་གྱི་སྣང་བ་དང་མིག་རབ་རིབ་ཀྱིས་སྒྲིབ་རྐྱེན་གྱིས་སྐྲ་ཤད་དང་ཟླ་གཉིས་སོགས་མེད་བཞིན་དུ་སྣང་བ་ལྟ་བུ་ཡིན།དེ་དག་ཀྱང་རང་བཞིན་དུ་གྲུབ་པ་མེད་དེ་མ་སྐྱེས་ཕྱིར།དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ།།དེ་བས་དོན་ལ་རྨི་སྣང་དང་ཟླ་གཉིས་ཀྱི་སྣང་བ་འདི་དག་ཀྱང་འཕྲལ་རྐྱེན་གྱི་དབང་གིས་མ་གཏོགས་ཡོད་མ་མྱོང་པ་ལྟར་ཆོས་ཐམས་ཅད་སྟོང་ཉིད་རྟོགས་པའི་བློ༷་གྲོས་བཟ༷ང་པོ་ཅན་ནི་ཉི༷་མ༷་སྟེ་དམ་པ་དེ་དག་ཉི་མས་གཟུགས་སུ་བཀོད་ནས་དེ་ལྟ་བུ་དག་གིས་དངོས་པོ་རང་བཞིན་གྱིས་ཚུགས་ཐུབ་དང་བདེན་གྲུབ་ཏུ་འདོད་པའི་ལྟ་བ་དང་འཛིན་པ་ནི་མུ༷ན་པ༷་སྟུ༷ག་པོ༷་སྟེ་འདིའི་གཟུགས་སུ་བཀོད་ནས་རྣ༷མ་པ༷ར་རམ་དོན་དཔྱོད་ཚད་མའི་ལམ་ནས་རང་བཞིན་དུ་གྲུབ་པ་མེད་པར་ཡང་དག་པར་ཉི་མས་མུན་པ་བས༷ལ་བ༷འམ་མེད་པར་བྱེད་པ་བཞི༷ན་ནམ་དེ་ལྟར་མཚུངས་ནི་རེད་ཅེས་གསུང་།དེའི་ཕྱིར་ན་ཐོག་མར་རང་མཚན་དུ་གྲུབ་པར་འདོད་པའི་ཕྱི་ནང་གི་བསྡུས་པའི་ཆོས་རྣམས་ཆོས་ཉིད་ཀྱི་རིགས་པས་སྟོང་པར་གཏན་ལ་འབེབས་པས་མཁ༷ས་པ༷་དང་དེ་ནས་རིམ་བཞིན་ཟུང་འཇུག་དང་སྤྲོས་བྲལ་དང་མཉམ་ཉིད་ད༷ག་ནི༷་གཏན་ལ་དབབ་པས་སྟོ༷ང་ཉི༷ད་ཁོ༷ང་དུ༷་ཆུ༷ད་ཅི༷ང་མ་རིག་པ་དག་རྩ་བ་དྲུངས་འབྱིན་བྱེད་ནས་འཇིགས་རུང་འཁོར་བའི་གྲོང་ཆེན་པོ་ལས་ཡང་དག་པར་གྲོ༷ལ་བ༷ར་འགྱུ༷ར་རོ་ཞེས་པའི་དོན་ནོ།། 



འཆད་ཁྲིད་ཟུར་བཀོད།



/ལུགས་གཉིས་བླང་དོར་གྱི་བསླབ་བྱ་ཉུང་ངུ།

མཛད་པ་པོ།ཀུན་མཁྱེན་མི་ཕམ་རྒྱ་མཚོ།






/ས་སྐྱ་ལེགས་བཤད།

མཛད་པ་པོ།འཇམ་མགོན་ས་སྐྱ་པཎ་ཆེན།



/བློ་སྦྱོང་ཚིག་རྐང་བརྒྱད་མ།

མཛད་པ་པོ།དགེ་བཤེས་གླང་ཐང་པ།

/ཞིང་སྦྱོང་དྲང་སྲོང་ལུང་གི་ཉི་མ།

མཛད་པ་པོ།ཀུན་མཁྱེན་མི་ཕམ་རྒྱ་མཚོ།





རྒྱ་ཆེན་ཐོས་པ་བསགས་པའི་མཁའ་ལམ་ནས།། 

ལྷག་བསམ་སྤྲིན་གྱི་འདུ་བ་རབ་བཀོད་ནས།། 

སྤོབས་པའི་ལྕི་བའི་སྤྲིན་གྱི་སྒྲ་དབྱངས་ཀྱིས།།

ཕན་བདེའི་གྲུ་ཆར་རྟག་ཏུ་འབེབས་པར་ཤོག།




ཁྱེད་ཉིད་ཕེབས་བསུ་ཡོད།






བྱང་ཆུབ་སེམས་དཔའི་བསམ་སྤྱོད་ཀྱི་རི་མོ་འབྲི་ཨེ་ཤེས་ལྟ།




琼秦扎巴 QiongQinZaba
རྒྱ་ཆེན་ཐོས་པ་བསགས་པའི་མཁའ་ལམ་ནས།ཕན་བདེའི་གྲུ་ཆར་རྟག་ཏུ་འབེབས་པར་ཤོག། ཁྱུང་ཆེན་གྲགས་པ་སྒེར་གྱི་ལས་སྟེགས།🌹🤗
 最新文章