བྱང་ཆུབ་སེམས་སྐྱེ་དོན་གཉིས་མཐར་ཕྱིན་ཤོག
བདུད་འཇོམས་གླིང་པའི་གསོལ་འདེབས།
敦珠林巴祈祷文
བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད།།
勒米贡乔桑杰欧窝尼
真实无欺三宝之本性
སྐུ་གསུམ་རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་མཆོག།
革森嘉瓦降措杰热乔
三身善逝海众妙总集
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྫོགས་ཆེན་པ།།
堪森秋吉嘉波竹钦巴
三界法王大圆满上师
བདུད་འཇོམས་གླིང་བའི་ཞབས་ལ་གསོལ་བ་འདེབས།།
敦珠朗威亚拉所瓦得
降魔尊者足下诚祈祷
འཁོར་འདས་དག་མཉམ་ཆོས་ཉིད་རོལ་བ་རུ།།
括迪达酿秋涅若瓦热
轮涅平等净法界游戏
རྟོགས་གྲོལ་མངོན་གྱུར་སངས་རྒྱས་འགྲུབ་པར་ཤོག།
多卓温杰桑吉托巴效
证解显现觉者愿成就
རྣམ་ཐར་ཡོངས་རྫོགས་སྒྲོག་འདོན་བྱས་ཟིན་པས་མུ་མཐུད་དུ་སྤེལ་རྩིས་ཡིན། གདོད་མའི་མགོན་པོའི་རང་ཞལ་མཇལ་བའི་རྒྱུར་གྱུར་ཅིག །
དགུང་ལོ།༣༣
དེ་ནས་རང་ལོ་སུམ་ཅུ་སོ་གསུམ་ལ་བབས་ཚེ། ཧོར་ཟླ་གཉིས་པའི་ཚེས་བདུན་གྱི་ནུབ་རྨི་ལམ་ན་བནྡེ་བལྟར་མི་བཟོད་པ་འཇིགས་སུ་རུང་བ་ཞིག་གིས་གྲི་རྩེ་རྣོ་བ་ཞིག་བདག་གི་སྙིང་ཀར་བཙུགས་ནས་ཁྱོད་དོ་ནུབ་ངས་གསོད་པའི་དུས་ཡིན་ཟེར་བ་ལ་བདག་གིས་འདི་སྐད་སྨྲས། ང་སོད་དང་ངས་ཁྱོད་ལ་སྙིང་རྗེ་བསྒོམ་ཞེས་སྨྲས་པ་དང་། དེ་ཡི་ལན་དུ། སྙིང་རྗེ་དུད་འགྲོའི་རྒྱུད་ན་ཡོད༎ རང་གི་བུ་ལ་སྙིང་རྗེ་ཡོད༎ བུ་ཡིས་མ་སྲོག་གཅོད་དུ་ཡོད༎ ཁྱོད་ཀྱིས་ང་ལ་སྙིང་རྗེ་ཡང་༎ སྙིང་ནི་ཕར་རྗེ་ཚུར་རྗེ་ཡིན༎ བུ་མོ་འཇོ་རིས་འདིར་ཤོག་དང་༎ སྙིང་རྗེ་མཁན་འདིའི་ཤ་ཁྲག་ཟ༎ ཞེས་གླུ་རུ་གྱེར་བའི་མོད་ལ། བུད་མེད་མིག་ཆེ་ལ་སྐྲ་དམར་བ་མཆེ་བ་ཤིན་ཏུ་རིང་བ་ཞིག་བྱུང་ནས་ནུ་མ་བདག་གི་ཕྲག་ལ་བཀལ། མཆེ་བ་གལ་མདོ་ཁུང་དུ་བཙུགས་པས་བདག་ཤིན་ཏུ་བྲེད་ཅིང་དངངས་ནས་ཡོད་པའི་སྐབས་ཡུན་གཅིག་གི་ཚེ་རྨི་ལམ་དུ་ངོ་ཤེས་ཏེ་གླུ་འདི་སྐད་གྱེར། ཧེ་ཧེ། ཉོན་དང་བན་དྲེད་གདུག་པ་ཅན། བུད་མེད་མི་སྲུན་སྡུག་རོགས་ཁྲིད༎ ཁྱོད་རྨི་ལམ་འཁྲུལ་བའི་རྫུན་རིས་ཏེ༎ ང་སྟོང་གཟུགས་ནམ་མཁའི་ལུས་ཅན་ལ༎ གསོད་བྱ་གསོད་བྱེད་ག་ལ་ཡོད༎ ང་དང་ཁྱོད་གཉིས་རོ་གཅིག་སྟེ།། བྱད་དང་མེ་ལོང་གཟུགས་བརྙན་བཞིན། སྣང་ཡང་སྣང་བ་སྣང་མཁན་སྟེ། ཐམས་ཅད་སྟོང་བའི་རང་བཞིན་ཏེ༎ སྟོང་པས་སྟོང་པ་གསོད་དུ་མེད། ང་ཉིད་སོད་དང་ཁྱོད་གཉིས་འཆི༎ འཆི་བ་མེད་དེ་འཆི་སྣང་ཙམ༎ འཇའ་ཚོན་ནམ་མཁའི་རི་མོ་སྟེ༎ ནམ་མཁའ་ནམ་མཁའ་ཉིད་དུ་ཡལ༎ ད་ཁྱོད་དང་ང་གཉིས་དབྱེར་མེད་དུ༎ དབྱིངས་སྤྲོས་བྲལ་ནམ་མཁའ་རྣམ་དག་ཏུ༎ ངང་ཆམ་བརྡལ་ཆེན་པོ་ཨ་ཨ་ཕཊ༎ ཅེས་བརྗོད། ཡང་དེ་ན་རེ། སྡུག་པོ་ཆེ་འདིས་སྒོམ་བཤད་པས་ང་སྙིང་གཟེར་གྱིན་འདུག་ད་འགྲོ་འགྲོ་ཟེར་ནས་ཡལ་སོང་། ལོ་ཁྱིམ་དེ་ཡི་སྟོན་ཟླ་ར་བའི་ཉེར་གཅིག་ཉིན། བྱེའུ་དང་དམར་ཞིག་ན་རེ། ཨ་ཧོ་བུ་ལོ་ཉོན་དང་། སྐྱེས་མཆོག་དམ་པ་མང་པོ༎ མི་མངོན་དབྱིངས་སུ་གཤེགས་སོང་༎ སྙིགས་མའི་དྭ་ཕྲུག་ལྷག་ཀྱང་༎ ནམ་ཕུག་ཐུབ་པར་མི་འདུག། མེ་ཏོག་སྔ་ལོ་སྐམ་སོང་༎ སྤང་རྒྱན་སྔོན་མོ་ལུས་ཀྱང་༎ དགུན་ཟླའི་གྲངས་ངར་བཙན་པོ༎ ནམ་ཕུག་ཐུབ་པར་མི་འདུག། མི་དབང་ས་སྐྱོང་རྒྱལ་པོ༎ འདི་ནས་ཕ་རོལ་གཤེགས་སོང་༎ རྒྱལ་ཕྲུག་དྭ་བུ་ལུས་ཀྱང་༎ ནམ་ཕུག་ཐུབ་པར་མི་འདུག། མཁའ་ལྡིང་ཁྱུ་ཚོགས་གཤེགས་སོང་༎ ཁྱེའུ་ཉམས་ཆུང་ལྷག་ཀྱང་༎ ནམ་ཕུག་ཐུབ་པར་མི་འདུག། གཅན་གཟན་ཆེ་དགུ་གཤེགས་སོང་༎ ཏེ་ལོ་ཀྭ་མ་ལུས་ཀྱང་༎ ནམ་ཕུག་ཐུབ་པར་མི་འདུག། རྣལ་འབྱོར་མཆོག་རྣམས་གཤེགས་སོང་༎ ཆོས་བརྒྱད་བླ་གཟུགས་ལུས་ཀྱང་༎ ནམ་ཕུག་ཐུབ་པར་མི་འདུག། རྒྱལ་པོའི་མཛོད་རྣམས་ཟད་སོང་༎ བྲན་ནོར་བསོགས་པ་ལུས་ཀྱང་༎ ནམ་ཕུག་ཐུབ་པར་མི་འདུག། རྩི་ཐོག་འབྲས་བུ་ཡལ་སོང་༎ བྲ་བས་བསོགས་པ་ལུས་ཀྱང་༎ ནམ་ཕུག་ཐུབ་པར་མི་འདུག། དབྱར་རྩྭ་སྔོན་པོ་སྐམ་སོང་༎ རྩྭ་རོ་སྐྱ་བོ་ལུས་ཀྱང་༎ ནམ་ཕུག་ཐུབ་པར་མི་འདུག། འཁོར་བར་ཞེན་པའི་བླ་སྤྲུལ༎ མང་ཆེས་རོ་དོམ་སྤྱད་ནས། དོན་མེད་གསོག་འཇོག་མཁས་ཀྱང་༎ ནམ་ཕུག་ཐུབ་པར་མི་འདུག། ཁེ་དྲག་སྡང་ཞེན་དཔོན་པོ༎ ཁྲིམས་ཆད་དྲག་ཤུལ་བྱེད་ཀྱང་༎ རྣལ་སྨིན་ཁུར་དང་འགྲོགས་ནས༎ ནམ་ཕུག་ཐུབ་པར་མི་འདུག། གསོག་འཇོག་སྤྱོད་པས་འདའ་བའི༎ ཕྱུག་པོ་ནོར་ལྡན་ལོངས་སྤྱོད༎ རྨི་ལམ་སྒྱུ་མ་ཇི་བཞིན༎ ནམ་ཕུག་ཐུབ་པར་མི་འདུག། མི་ལུས་གཙང་མ་ཐོབ་ཚེ༎ ཁ་ལག་བྱ་བར་མ་རེ༎ རང་སེམས་རང་ཐོག་གྲོལ་བའི༎ གདམས་ངག་ཟབ་མོ་བརྟེན་མཛོད༎ ཁ་ཡེང་མིག་ཡེང་སྤྱོད་པས། གྲོལ་བ་ཐོབ་འདོད་མ་རེ༎ མ་རྟོགས་ཁ་འབྱམས་ཐོས་པས༎ ཕྱི་མར་ཕན་ཐོགས་མ་རེ༎ མ་བསྒོམ་ཤེས་ཤེས་སྙམ་པས༎ ཐར་པ་ཐོབ་འདོད་མ་རེ༎ འོངས་འོངས་ཆོས་ཉིད་དབྱིངས་ལས༎ འགྲོ་འགྲོ་དེ་རུ་ལྡིང་འགྲོ༎ ཞེས་ཟེར་ཞིང་འཕུར་སོང་།ཡང་ལོ་ཁྱིམ་དེ་ཡི་དགུན་འབྲིང་པོའི་ཚེས་བཅུའི་ཉིན་འོད་གསལ་ཐོད་རྒལ་གྱི་དབྱིངས་སུ་གནས་ཚེ། ཡང་བྱེའུ་ཞིག་བདག་གི་ཐད་དུ་བབས་ནས་འདི་སྐད་ཟེར། ཀྱཻ་ཀྱཻ། བྱང་ཐང་ན་བའི་ཁྲོད་དེ༎ སྲོག་ཆགས་ཀུན་གྱི་མིན་ཀྱང་༎ ཁ་དཀར་རྐྱང་བུའི་གནས་ལགས༎ མ་བུའི་འཕེལ་ཁ་ཨེ་རིག། རྫ་རི་སྨུག་པོའི་ཁྲོད་འདི༎ སྲོག་ཆགས་ཀུན་གནས་མིན་ཀྱང་༎ བྲེ་བཙན་འབྲོང་མོའི་གནས་ལགས༎ མ་བརྒྱ་བུ་བརྒྱ་ཨེ་རིག བྲག་རི་མཐོ་ལ་བརྩན་པ༎ སྲོག་ཆགས་ཀུན་ལ་མིན་ཀྱང་༎ བྱ་རྒྱལ་རྒོད་པོའི་གནས་ལགས༎ ཐང་དཀར་མ་བུ་ཨེ་རིག། ངེས་མེད་དབེན་པའི་རི་ཁྲོད༎ མི་རྣམས་ཀུན་གྱི་མིན་ཀྱང་༎ བྱ་བཏང་མཆོག་གི་གནས་ལགས༎ འཁོར་སློབ་འདུ་བ་ཨེ་རིག། ནམ་མཁར་དཀར་ཚོགས་མང་ཡང་༎ ཉི་ཟླ་གཉིས་པོ་དཀོན་འདུག། ཤིང་དང་ནགས་ཚལ་མང་ཡང་༎ དཔག་བསམ་ལྗོན་པ་དཀོན་འདུག། གཅན་གཟན་ཁྱུ་ཚོགས་མང་ཡང་༎ སེང་ལྕམ་དཀར་མོ་དཀོན་འདུག། མི་ལུས་ཐོབ་པ་མང་ཡང་༎ དོན་དང་ལྡན་པ་དཀོན་འདུག། བླ་མར་སྐད་པ་མང་ཡང་༎ དོན་གྱི་བླ་མ་དཀོན་འདུག། བན་བཙུན་གཟུགས་བརྙན་མང་ཡང་༎ ཚུལ་དང་ལྡན་པ་དཀོན་འདུག། ཁ་བཤད་མཁས་པ་མང་ཡང་༎ རྒྱུད་ལ་འབྱོར་བ་དཀོན་འདུག། སྒོམ་ཅན་སྐད་པ་མང་ཡང་༎ སྟོང་ཉིད་རྟོགས་པ་དཀོན་འདུག། གྲུབ་ཐོབ་སྐད་པ་མང་ཡང་༎ དོན་གྱི་གྲུབ་ཐོབ་དཀོན་འདུག། གཏེར་སྟོན་སྐད་པ་མང་ཡང་༎ ཟོལ་མིན་གཏེར་སྟོན་དཀོན་འདུག། གཏེར་སྟོན་ཨེ་ཡིན་མི་ཤེས༎ ལས་སྨོན་བསྐལ་བ་བཟང་པོའི༎ སྐྱེས་བུ་དམ་པ་ཉོན་དང་༎ རང་སྣང་དྭངས་མའི་འོད་གསལ༎ ཟབ་ལམ་འཕོ་བ་ཆེན་པོ༎ རྩེ་གཅིག་ཉམས་སུ་ལོངས་དང་༎ ཚེ་འདིར་གྲོལ་བ་ཐོབ་ངེས༎ བུ་སློབ་མང་པོ་ཡོད་ཀྱང་༎ རི་ཁྲོད་ཐུབ་པ་དཀོན་འོང་༎ ཆོས་བདག་སྐད་པ་མང་ཡང་༎ གདམས་པའི་ཡང་བཅུད་སྐོར་གསུམ༎ འཆད་སྤེལ་ནུས་པ་དཀོན་འོང་༎ དེ་ལྟར་སེམས་ལ་ཞོག་ལ༎ རང་ཐོག་བཙན་ས་ཟུངས་དང་༎ གཞན་དོན་ཞོར་ལ་འབྱུང་སྲིད༎ ཁྱབ་བདག་ཀུན་ཏུ་བཟང་པོའི༎ རྒྱལ་ས་རང་གི་གཞི་ཡིན༎ ཨེ་གོ་ཨེ་རིག་གྲོགས་པོ༎ བྱང་ཐང་ཡངས་པ་ཨེ་རིག། ནམ་མཁའ་ཀློང་ཡངས་ཨེ་རིག། བྱེའུ་དེ་རུ་ཆས་འགྲོ༎ ཆོས་དབྱིངས་ཡངས་པའི་ཐང་ན༎ ནམ་མཁའ་མཛོད་ལ་སྤྱོད་པའི༎ བྱེའུ་མ་བུ་སྐྱིད་པ༎ ཞེས་ཟེར་ནས་འཕུར་སོང་ངོ་། །
དགུང་ལོ།༣༤ དེ་ནས་ལོ་གྲངས་སུམ་ཅུ་སོ་བཞི་ལ་བབས་ཚེ། ཧོར་ཟླ་དང་པོའི་ཉེར་ལྔའི་ཉིན་མོ་མཁའ་འགྲོ་ཁྲོས་མ་ནག་མོའི་སྒྲུབ་སྐོར་ལ་བརྟེན་པའི་ཚོགས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་འཇའ་ཚོན་འོད་ཀྱི་དྲྭ་བ་འཁྲིགས། བྱ་རྒྱལ་རྒོད་ཀྱི་ཐིས་ཕྲན་བབས༎ མི་མངོན་སྟོང་པའི་མཁའ་ལས་གླིང་བུ་དང་པི་ཝང་གི་སྒྲ་ཤིན་ཏུ་སྙན་པ་དེར་འདུས་པ་ཀུན་གྱིས་ཐོས་པ་བྱུང་། དེ་ཡི་ནུབ་མཁའ་འགྲོ་མ་དཀར་སེར་དམར་ལྗང་བཞིས་དར་གྱི་མདོ་ལེའི་ཐོག་ཏུ་རྣལ་འབྱོར་པ་སྐུ་བསྒྲེས་པོ་དབུ་སྐྲ་རིང་ཞིང་དཀར་བ་ཟ་འོག་སྨུག་པོ་སྤྲིན་རིས་དང་འབྲུག་རིས་ཅན་གྱི་གོས་གྱོན་པ་རྐེད་དུ་གྲི་མཛེས་ཤིང་ཡིད་དུ་འོང་བ་བརྟེན་པ། དངུལ་དཀར་གྱི་གློ་ལུང་གི་རྒྱན་ཅན་ཤིན་ཏུ་གཟི་བརྗིད་འོད་ཕུང་འབར་བ་ཞིག་མཁའ་འགྲོ་མ་མཐིང་ནག་ཞིག་གིས་ཕྱག་ནས་བཟུང་སྟེ་བདག་གི་ཐད་དུ་བྱུང་ནས་རྣལ་འབྱོར་པ་དེ་ཡིས་འདི་སྐད་ཟེར། ཚེ་རབས་དུ་མའི་སྦྱང་སྟོབས་ཅན༎ ཟབ་མོ་གཏེར་གྱི་སྒོ་འབྱེད་ཅིང་༎ འབྲེལ་ཚད་ཐར་བར་འདྲོངས་ནུས་པའི༎ སྐྱེས་བུ་ཁྱེད་ལ་ངས་ལུས་སློང་༎ སྔོན་ཆད་ཤིང་ཕོ་བྱི་བའི་ལོར༎ ངས་བུ་ཕུན་ཚོགས་འབྱུང་བའི་གནས༎ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས༎ ཤེལ་གྱི་མཆོད་རྟེན་དཀར་པོ་རུ༎ འཕྲུལ་ནས་ཁྱོད་ལ་གཏད་པ་ནི༎ གྲུབ་པ་ཐོབ་པའི་གདུང་རྒྱུད་དུ༎ མངལ་གྲིབ་སྐྱོན་གྱིས་མི་གོས་ཕྱིར༎ ང་ཡིས་བསྒོས་པ་ཇི་བཞིན་དུ༎ ཁྱོད་ཀྱི་སྲས་སུ་འཁྲུངས་པ་ཡིན༎ ང་ཡང་ཁྱོད་ཀྱི་བུར་སྐྱེས་ཏེ༎ སྡུད་བྱའི་ལྷག་མ་སྐྱོང་སྡུད་ཕྱིར༎ མི་ཡི་ཡུལ་འདིར་ཕྱིན་དགོས་པས༎ དེ་ཕྱིར་ཁྱོད་ཚལ་དེ་རིང་སླེབས༎ ང་ནི་ཆོས་རྒྱལ་ཁྲི་སྲོང་ཡིན༎ མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་སྟེ༎ ཐེ་ཚོམ་ཆོད་དང་སྐྱེས་བུ་མཆོག། མཐར་ཐུག་ཕ་བུ་དབྱེར་མེད་དུ༎ བདེ་ཆེན་ཞིང་གི་དཔལ་ཐོབ་འགྱུར༎ ཞེས་ཟེར་ཞིང་གསེར་གྱི་རྡོ་རྗེ་ཞིག་རུམ་ནས་ཕྱུངས་ཤིང་ཕྱག་ན་ཞྭ་ཞིག་བསྣམས་ཡོད་པ་གཉིས་ཀ་བདག་གི་གཟན་གྱི་ཞབས་སུ་བཅུག་འདུག་པ་ལ། དེ་ལྟར་མ་བྱེད་ཁྱེད་ཀྱི་ཕྱག་མཚན་དང་དབུ་ཞྭ་ངའི་གོས་ཀྱི་ཞབས་སུ་མ་བཞག་སྨྲས་པས། དེ་ན་རེ། འུ་ཅག་གཉིས་ལ་གཅིག་ལས་གཉིས་སུ་མེད་དེ་སྐྱོན་མེད་ཟེར་ཞིང་བདག་ལ་ཐིམ་པའི་སྣང་བ་ཤར། དེ་ནས་ཧོར་ཟླ་བཞི་བའི་ཚེས་བཅོ་ལྔའི་ནུབ་ཡུལ་ཡངས་པའི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་སླེབས་འདུག་པ་དང་། ཡུལ་དེ་རུ་དཔའ་བོ་མཁའ་འགྲོ་མང་པོ་ཚོགས་ཀྱི་འདུ་བ་ཆེན་པོར་འཚོགས་ནས་རོལ་མོ་སྣ་ཚོགས་པའི་སྒྲ་སྒྲོགས་ཤིང་དེ་རྣམས་ཀྱི་ངག་ནས་འདི་སྐད་དོ། རིག་འཛིན་བླ་མ་འདུ་བར་གཤེགས༎ ཡི་དམ་ཞི་ཁྲོ་འདུ་བར་གཤེགས༎ མ་དང་མཁའ་འགྲོ་འདུ་བར་གཤེགས༎ བཀའ་སྲུང་ཆོས་སྐྱོང་འདུ་བར་གཤེགས༎ ཛ་ཧུ་བ་ཧོ་ས་མ་ཡ། ཧེ་ཡ་བེ་བེ། བླ་མ་རྒྱ་མཚོ་ཚོགས་ལ་རོལ༎ ཡི་དམ་རྒྱ་མཚོ་ཚོགས་ལ་རོལ༎ མ་དང་མཁའ་འགྲོ་ཚོགས་ལ་རོལ༎ བཀའ་སྲུང་ཆོས་སྐྱོང་ཚོགས་ལ་རོལ༎ ཞེས་ཟེར་ཞིང་ཚོགས་རྫས་ཀྱི་རྒྱུ་གང་ཡིན་ངོ་མི་ཤེས་ཤིང་ཁ་དོག་ཅི་ཡིན་མ་མཚལ་བ་འོད་འབར་བ་དབྱིབས་ཕག་སྣ་འདྲ་བ་ཆུ་འགྲམ་གྱི་གྲམ་པ་ལྟར་དཔག་ཏུ་མེད་པས་ཡུལ་དེ་ཁྱབ་འདུག་གོ དེ་ན་བུམ་པ་དང་རྡོ་རྗེ་ཕུར་པ་མེ་ལོང་སོགས་ཤིན་ཏུ་མང་པོ་བཤམས་འདུག་པ་ལ། བདག་གིས་འདི་དག་སུ་དང་གང་གིས་རེད་དྲིས་པའི་ལན་དུ། བུད་མེད་ནག་མོ་ཞིག་གིས། འདི་དག་ཁྱོད་ཀྱི་འབངས་ཡིན་ཟེར། བུད་མེད་སྔོན་མོ་ཞིག་གིས་ན་རེ། བུ་སློབ་ཀྱི་བརྡ་རུ་གདའ་ཞེས་ཟེར་ཞིང་དབྱིངས་སུ་ཡལ་ལོ། དེ་ནས་ཧོར་ཟླ་ལྔ་པའི་ཚེས་གསུམ་གྱི་ནུབ་རྨི་ལམ་གྱི་སྣང་ཆ་ལ་ནམ་མཁའི་ཁམས་ནས་དཔའ་བོ་དང་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་ཐམས་ཅད་པདྨ་རཱ་ག་ལྟར་ཁ་དོག་དམར་ཞིང་འོད་འབར་བ་དེ་དག་ཐམས་ཅད་ཀྱིས་རོལ་མོ་སྣ་ཚོགས་ཀྱི་སྒྲ་འུར་ཞིང་བྱུང་ཚེ་བདག་གིས་བུ་མོ་ཞིག་ལ་འདི་དག་སུ་ཡིན་དྲིས་ཚེ། དེ་ན་རེ། ཤར་རེབ་གོང་གསེར་མོ་ལྗོངས་ཀྱི་རྣལ་འབྱོར་པ་རང་གྲོལ་ཞེས་བྱ་བ་བསུ་མ་ཡིན། དོ་ནུབ་འགྲོ་དགོས་ཟེར་བ་ལ་བདག་གིས་ཞིང་ཁམས་གང་ཡིན་དྲིས་ཚེ། ཞིང་ཁམས་ཕ་ཀི་རེད་ཅེས་མཛུབ་སྟོན་བྱས་པ་ལ་བདག་གིས་བལྟས་ཚེ། མེ་ཏོག་དམར་པོས་བརྒྱན་པའི་ས་གཞི་ལ་དཔག་བསམ་ཤིང་གི་ནགས་ཚལ་ལྷུན་འཐུག་པ་ཞིག་གི་ནང་ནས་འོད་ཕུང་དམར་པོ་ཉི་འོད་ལྟ་བུས་ཕྱོགས་མཚམས་ཀུན་ཏུ་ཁྱབ་པ་མཐོང་ཚེ། ཡིད་རབ་ཏུ་གདུངས་ཤིང་འགོག་ཏུ་མེད་པའི་ཞེན་ཆགས་སྐྱེ་བའི་སྐྱེད་མོའི་ཚལ་བཀྲ་ལམ་མེ་བ་མཐོང་ངོ་། མཁའ་འགྲོ་མ་དེ་ལ་ཕ་ཀི་ཤིན་ཏུ་སྐྱིད་ཅིང་ཡིད་འཕྲོག་པའི་གནས་འདི་གང་ལགས་དྲིས་ཚེ། དེ་ན་རེ། ཡུལ་ཕ་ཀི་བདེ་བ་ཅན་ཞེས་བྱ་བ་སྟེ། འོད་དེ་སངས་རྒྱས་འོད་མཐའ་ཡས་པའི་འོད་ཟེར་ཡིན་པས་སྨོན་ལམ་ཐོབས་དང་མ་འོངས་པ་ན་ཁྱོད་ཀྱང་དེར་འཕོ་བར་འགྱུར་རོ།། ཞེས་ཟེར་བ་བཞིན་བདག་གིས་ཀྱང་ཕྱག་འཚལ་ཞིང་སྨོན་ལམ་བཏབ་མཐར། བུ་མོ་ཀུན་ཤེས་མ། བདེ་བ་ཅན་ཞེས་བྱ་བ་ཡོད་ཟེར་བ་ཀུན་རྫོབ་ཙམ་དུ་རང་སྣང་མ་གཏོགས་མེད་ངེས་པར་ཐག་བཅད་ནས་ཡོད་དེ། ངེས་པར་རང་སྣང་མ་ཡིན་པའི་རང་རྒྱུད་པ་རུ་ཡོད་པ་དེ་ཡ་མཚན་ཞེས་སྨྲས་པས། མོ་ན་རེ། ཧ་ཧ་རང་སྣང་མ་གཏོགས་གཞན་རང་རྒྱུད་པ་ཞིག་སྔར་ཡང་མཐོང་མ་མྱོང་། ཕྱིས་ཀྱང་མཐོང་མི་སྲིད། ད་ལྟ་ཡང་རྨི་ལམ་གྱི་སྣང་བ་རང་སྣང་མིན་པར་སེམས་པ་འདི་མཚངས་རེ་ཆེ། ཞེས་ཟེར་ཞིང་བདག་གཉིད་དེ་ལས་སད་དོ། །དེ་ནས་དགུན་ཟླ་ར་བའི་ཚེས་གྲངས་བཅོ་བརྒྱད་ཀྱི་ནུབ་མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱིས་མདུན་སར་ཐོན་འདུག་པའི་མོད་ལ་མཁའ་འགྲོ་མས་གཡུ་ཡི་པད་ཕོར་དང་མུ་མིན་གྱི་སྒྲོམ་བུ་གཉིས་དང་བཅས་བདག་ལ་གཏད་དེ་བུ་ཁྱོད་ཀྱིས་འདི་གསུམ་ཀ་ཁྱུད་མིད་དུ་ཟོ་ཞིག ངའི་བསྒོམ་བཟླས་རྣམས་སེམས་ལ་གསལ་འོང་། ཁྱོད་ལ་བར་ཆད་ཀྱི་རྐྱེན་མང་སྟེ་མཁའ་འགྲོའི་སྙིང་ཁྲག་གི་དྭངས་མ་སྲོག་ཏིག་ནག་པོ་འབྲུ་བཅུ་པ་ཟུངས་ཤིག དེ་རྟག་ཏུ་བཟླས་ནས་བཟློག་པ་ལ་བརྩོན་ན་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་སེལ་བར་ངེས་སོ། ཞེས་ཟེར། མཁའ་འགྲོ་རིགས་བཞིས། ཨ་ར་ལི་ཧེ་ཧ། ཞེས་སྐད་ཆེར་བྱུང་ནས་བསྒྲགས་པའི་སྒྲས་གཉིད་སད་དོ། །
དགུང་ལོ། ༣༥ དེ་ནས་ལོ་གྲངས་སུམ་ཅུ་སོ་ལྔ་ལ་བབས་ཚེ། ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔའི་ནུབ་རྨི་ལམ་ན། མཁའ་འགྲོ་གསེར་ཕྲེང་མ་ཡིན་སྐད་པའི་བུ་མོ་ཞིག་ན་རེ། མ་འོངས་འབྱུང་འགྱུར་ལ་བལྟ་ཨེ་འགྲོ་ཞེས་ཟེར་བ་དང་འགྲོགས་ནས་ཕྱིན་ཚེ། ཡུལ་ངོ་མི་ཤེས་པ་ཞིག་ཏུ་ཕྱིན་པས་རི་ཆེན་པོ་ཞིག་གི་ངོས་ན་མཆོད་རྟེན་རྐང་བ་བཞིས་བཏེགས་པའི་འོག་ན་རྡོ་ཡི་ར་བ་སྒམ་འདྲ་བ་ཞིག་གི་ནང་ན་ཏིང་བདུན་བརྒྱ་ཕྲག་ཕྱེད་རིང་ལྷག་ཙམ་ཞིག་ཡོད་འདུག མཁའ་འགྲོ་མ་དེ་ན་རེ། སྐྱེས་བུ་ཁྱོད་ཀྱིས་སྣོད་འདི་དག་ཟུངས་ཤིག་ཟེར་བ་ལ། ངས་འདི་ལྟར་སྨྲས། ཆག་གས་མེད་པ་བརྒྱ་ཕྱེད་རིང་ཙམ་ཡོད་ཀྱང་། ཆག་གྲུམ་ཅན་མང་བས་དགོས་པ་མེད། མ་ཆག་པ་རྣམས་ལ་ཡང་བདག་པོ་ལོས་ཡོད། མ་བྱིན་པ་བླང་པ་ལ་དགོས་པ་མེད་སྨྲས་པས། དེ་ན་རེ། བདག་པོ་ནི་མེད། ཆག་གྲུམ་ཅན་རྣམས་དམ་ཉམས་དང་སྣོད་མེད་རྣམས་ཡིན་ཀྱང་། ཆག་གྲུམ་མེད་པ་རྣམས་བུ་སློབ་སྣོད་ལྡན་གྱི་བརྡ་རུ་འདུག་པས་ཟུངས་དང་རྟེན་འབྲེལ་གྱི་དགོས་ཆེད་བཟང་བོ་ཞིག་ཡོད་པ་ཡིན་ཟེར་བ་བཞིན་དུ་ཆག་གྲུམ་མེད་པ་རྣམས་རུམ་དུ་བཅུག་ནས། ཕྱིར་བཀྱེད་དེ་བལྟས་པས་མཆོད་རྟེན་བདུན་འདུག མཆོད་རྟེན་ནི་རྡོ་ཡིས་བརྩིགས་ཏེ་ས་ཡིས་གཡོགས་པ་དང་། ལ་ལ་ལྕི་བས་གཡོགས་པ་དག་ཏུ་འདུག བདག་གིས་བུ་མོ་དེ་ལ་ཁྱོད་རྟེན་འབྲེལ་ལ་མཁས་པ་ཡིན་ན། ས་དང་ལྕི་བས་གཡོགས་པ་འདི་དག་ཅི་ཡིན་དྲིས་པའི་ལན་དུ། དེ་ན་རེ། འདི་དག་ནི་དགོན་སྡེ་དཀོར་ལ་འབག་པ་རྣམས་ཀྱི་བརྡ་རེད། ཏིང་བདུན་དེ་རྣམས་ཁྱེད་ཡབ་སྲས་ཀྱི་གདུལ་བྱ་ཡིན་ནོ། ད་སོང་སོང་ཟེར་བས་བདག་འཕྲང་ལམ་དོག་ཅིང་རྩུབ་པ་ཞིག་ཏུ་ཞུགས་ནས་འགྲོ་བའི་ལམ་ཁ་ཞིག་ཏུ་མི་ཤ་མདོག་ནག་ལ་སྨྲ་ར་དམར་བ་འཇིགས་སུ་རུང་བ་ཞིག་གིས་བདག་གི་ལག་པ་གཡས་ནས་བཟུང་སྟེ་ཁར་བཅུག་པའི་མོད་ལ་བདག་སྔངས་སྐྲག་བཟོད་མེད་སྐྱེས་མཐར། སླར་ཡང་གཅོད་ཀྱི་ཐོག་བརྫིས་དྲན་ནས། ང་ཟོ་ཞིག་ཁྱེར་ཅིག་ཅེས་སྨྲས་ཏེ་ཁུ་ཚུར་ཁར་བརྫངས་པས་ཁོ་ཡུལ་མེད་དུ་ཡལ་སོང་ངོ་། དེ་ནས་བུད་མེད་དེས་ན་རེ། དཀོར་བདག་རྒྱལ་པོ་ནི་ཐོག་བརྫིས་ཀྱིས་ཐུལ་སོང་། ད་ནི་བསྟན་དགོན་ལ་དབང་འབྱོར་བ་ཡིན། ཡང་ཕྱོགས་ཀྱི་ནམ་མཁའ་ལ་ལྟོས་དང་ཟེར། བལྟས་པས་སྤྲིན་ནག་པོ་ནས་སྐྱིན་ཐང་འབབ་ཅིང་འབྲུག་སྒྲ་དྲག་པོ་ལྡིར་བ་ཐོས། དེ་ཅི་ཡིན་དྲིས་པས་ཀླ་ཀློ་དབུས་སུ་རྡིབ་པའི་ལྟས་རེད་ཟེར། དེ་ནས་དཔག་ཚད་ཙམ་དུ་ཕྱིན་ཚེ་སྟག་ཁྲ་བོ་བལྟར་མི་བཟོད་པ་ཞིག་གིས་ཧོར་ཧོར་ཞེས་སྒྲ་ཆེན་པོ་བསྒྲགས་པས་གཉིད་དེ་ལས་སད་དོ། ། ལོ་ཁྱིམ་དེ་ཡི་དགུན་ཟླ་ཐ་ཆུང་གི་ཚེས་བཅུ་དགུའི་ནུབ་ཀྱི་རྨི་ལམ་ན། མཁའ་འགྲོ་དཔལ་གྱི་དགྱེས་སྡེ་མོ་ཡིན་སྐད་པའི་བུད་མེད་ལྗང་མོ་གཡུ་ཡི་ཁ་དོག་ཅན་ཞིག་བདག་གི་དྲུང་དུ་བྱུང་ནས་འདི་སྐད་ཟེར། སྐྱེས་མཆོག་དམ་པ་ཁྱོད་ཉོན་དང་།། སང་གི་ཉི་མའི་ཕྱི་དྲོའི་དུས༎ འདུལ་བ་འཛིན་པའི་སྐྱེས་བུ་ཞིག། རྒྱལ་འགོང་གདུག་པའི་རྒྱུད་བསླུས་ཏེ།། སྨྱོ་ཞིང་རང་སྲོག་གཅོད་ལ་ཆས༎ དེ་འདུལ་ཕྱིར་ན་བདུད་གཅོད་ཀྱི༎ གདམས་པ་ཟབ་མོའི་གནད་མཆོག་གིས༎ བརྡེག་རྡུངས་འཁྲུལ་པའི་འཁོར་ལོ་ཤིག། རྣམ་ཤེས་དབྱིངས་སུ་སྤར་བྱས་ཏེ༎ ཤ་ཁྲག་སྟོན་འབྱེད་བྱེད་པ་ཡིས༎ གནད་དང་ལྡན་ན་དེ་ཐུལ་ཡང་༎ སློང་ཚད་རང་ཐོག་མ་ཆོད་ན༎ རང་ལ་བབས་ཏེ་ཁེ་ཉེན་ཆེ༎ སྔ་ལྟས་དོ་ནུབ་འཆར་ལ་ལྟོས༎ སྙེམ་ཐག་ཆོད་ཅིག་སྐལ་ལྡན་བུ༎ བཟང་ངན་ལྟས་མཚན་གང་བྱུང་ཡང་༎ དེར་འཛིན་རེ་དོགས་ཞེན་པ་ཆོད༎ ཟབ་དོན་གཅོད་ཀྱི་ཉམས་ལེན་གནད༎ ཤེས་ནས་རྒྱུད་ལ་འདྲེས་པར་གྱིས༎ ཅེས་ཟེར་ཡལ། དེ་ནས་ཡུན་གཅིག་གི་ཚེ་བནྡེ་ན་ཡོལ་ཞིག་གིས་ལག་པ་གཡོན་པས་བདག་གི་གོས་ཀྱི་གོང་བ་ནས་བཟུང་། གཡས་པས་གྲི་རྩེ་ཤིན་ཏུ་རྣོ་བ་ཞིག་སྙིང་ཁར་བཙུགས་ནས་ད་མི་སྲུན་སྡིག་དྲེད་ཁྱོད་གསོད་པར་མི་བྱེད་ན་རེ་ཀན། ཟེར་བ་ལ་བདག་ཤིན་ཏུ་སྐྲག་ནས་སྐེད་གྲི་ཕྱུང་ཏེ་ཁོ་ཡི་མགོ་ལ་རྒྱབ་པས་མགོ་པོ་བཀས་ཏེ་འགྱེལ་སོང་བ་དང་ཆབས་ཅིག་བདག་གི་གྲི་ཡང་ཆག་སོང་། དེ་ནས་ཁོ་ཡི་གྲི་བླངས་ཏེ་ལུས་ཚལ་བར་གཏུབ་པས་ཁྲག་ཐིག་ཅིག་སྙིང་ཀར་ཡར་བ་དེ་ལ་རྩོག་སྣང་ཞིག་ཤར། དེའི་ཕྱིར་ཉིན་གླིང་ལྷ་མཆོག་ཞེས་བྱ་བས་དེང་སང་གི་མཐའ་བའི་དགེ་སློང་སྡོ་ལི་ཞེས་པ་སྨྱོ་རུ་ཡོད་དེ་ཁྱེད་མ་བྱོན་པའི་ཐབས་མེད་ཅེས་ཟེར་བ་བཟློག་མ་ནུས་པར་དེ་དང་མཉམ་དུ་ཕྱིན་ནས་སྨྱོན་པའི་རྩར་སླེབས་མ་ཐག་ཏུ་གཡང་གཞིས་དྲག་ཏུ་བརྡུང་བའི་མོད་ལ་གཡང་གཞི་སྐེད་ནས་ཆད་སོང་ཚེ་མདང་གི་རྨི་ལམ་དྲན་ནས་འཁུ་འཕྲིག་འགོག་མི་བཏུབ་པ་ཞིག་སྐྱེས་སོང་། དེ་ཡི་ཉིན་ཕྱི་མ་ལ་ཐུག་ཚེ་སྨྱོན་པ་ནད་ལས་གྲོལ་སོང་། བདག་གི་སྙིང་འཕར་ཞིང་གཉིད་མ་བྱུང་ཚེ་དེ་ལ་གླུད་བསྔོ་ཚོགས་བསྐང་ཇི་ལྟར་བྱས་ཀྱང་ཕན་པ་མ་བྱུང་། དེ་ནས་ན་དགའ་ཤི་སྐྱིད་བསྒོམས་ཤིང་བྲག་འཇིགས་སུ་རུང་ཞིང་གཉན་ཆེ་བ་ཞིག་གི་ཚལ་དུ་ཕྱིན་ནས་སྐེ་ལ་ཐག་པ་བཏགས་ཏེ་གཏད་བྱས་པས་ནད་ཡུལ་མེད་དུ་ཡལ་སོང་།
དགུང་ལོ།༣༦ དེ་ནས་ལོ་གྲངས་སུམ་ཅུ་སོ་དྲུག་ལ་བབས་ཚེ། ཧོར་ཟླ་བདུན་པའི་ཚེས་དགུའི་ནུབ་བདག་གི་རྨི་ལམ་ན་མི་ནག་པོ་བལྟར་མི་བཟོད་པ་ཞིག་བྱུང་ནས་བདག་གི་རུམ་དུ་ལག་པ་བརྒྱབ་ནས་ང་ནི་གུར་གྱི་མགོན་པོའི་བློན་ཆེན་ཡིན། ཁྱོད་ཀྱི་གློ་སྙིང་ལེན་དུ་བཏང་བ་ཡིན་ཟེར་བ་ལ། བདག་གིས་འཁོར་འདས་སྟོང་ཉིད་ཀྱི་རོལ་པར་འུབ་ཆུབ་པའི་ཏིང་ངེ་འཛིན་ལ་ཞུགས་པས། དེ་ན་རེ། ཁོ་མ་ཐུབ་དང་ཁོའི་སློབ་མ་ལ་ཡ་ཡ་ཞེས་ཟེར་ཞིང་ཨམ་གཙིགས་བསྡམས་ནས་ལངས་ཏེ་ཁ་ཕྱིར་འཁོར་བའི་ཚེ་བདག་གིས་རྐེད་གྲི་ཕྱུངས་ཏེ་མགོ་ལ་བརྒྱབ་པས་ལུས་གཤག་མ་བཀས་པ་ལྟར་གཡས་གཡོན་དུ་ལྷུང་སོང་། དེ་དུས་གླིང་ལྷ་བ་ཞེས་བྱ་བ་བླ་མ་རྩང་པའི་མཐུ་ཡིས་གལ་ལ་ཐོག་པ་བཟློག་ཕྱིར་གདུགས་དཀར་ཀློག་འདོན་ཕྱིན་ཡོད་པ་ཞིག་སྨྱོས་ནས་བདག་གི་ཀན་དུ་སླེབ་པ་ཡང་གཅོད་ཀྱི་གདམས་པ་ལ་བརྟེན་ནས་ནད་ལས་གྲོལ་སོང་། དེ་ནས་ཧོར་ཟླ་བཅུ་པའི་ནུབ་རྒྱལ་གདོན་འཇིགས་སུ་རུང་བ་བུད་མེད་ནག་མོ་བདུན་དང་འགྲོགས་པ་ཞིག་བྱུང་ནས་ངའི་རྐང་པ་གཡོན་ནས་དམ་པོར་བཟུང་སྟེ་ཤེད་བསྐྱེད་འདུག་པ་ལ་བདག་གིས་དེ་ཡི་སྐྲ་ནས་བཟུང་ཞིང་གྲི་ཕྱུངས་ཏེ་སྐེ་ལ་ཚད་ནས་ཁྱོད་གསོད་པར་མི་བྱེད་རེ་སྨྲས་པས། ཁོ་ན་རེ། ང་མ་གསོད་དང་ཁྱོད་ཀྱིས་ཅི་བསྒོ་བ་དེ་ང་ཡིས་བསྒྲུབ་ཅེས་ཟེར་བ་ལ། བདག་གིས་སེམས་ཅན་ཐམས་ཅད་ལ་གནོད་པ་མི་བྱེད་པར་ཁས་ལོངས་ཤིག་སྨྲས་པ་དང་། ཁོས་དེ་ལྟར་མི་ནུས་ཏེ་བདག་ཅག་མུ་གེས་ཤི་བ་ལས་འོས་མེད་པས་གཞན་ཞིག་བསྒོས་དང་དེ་སྒྲུབ་ཟེར། བདག་གིས་དེ་ལྟ་ན་ངའི་སློབ་བརྒྱུད་ལ་གནོད་པ་མི་བྱེད་པ་ཁས་ལོངས་སྨྲས་པས། ཁྱོད་ཀྱི་བུ་སློབ་ཏུ་གྱུར་པ་ལ་གནོད་པ་བྱེད་ན་ན་ར་ཀན། ཞེས་ཟེར་ཏེ་ཁས་བླངས་ནས་སོང་། དེ་ནས་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུའི་ཉིན་ནོར་བདག་ཆེན་པོ་ཨ་པ་རའི་སྒྲུབ་པ་ལ་ཞུགས་ཚེ་ཟླ་བ་ཕྱི་མའི་ཚེས་ལྔའི་ནུབ་ནོར་བདག་ཆེན་པོའི་ཞལ་གཟིགས་ནས་འདི་སྐད་ཟེར། ཁྱོད་ལ་ལོ་གྲངས་དགུ་ཚུན་ཆད་ལ་ནོར་སྟེར་རྒྱུ་མི་རྙེད་དེ། དེ་ཕན་ཆད་དུ་ངས་ཅི་འདོད་པ་ཐམས་ཅད་སྟེར་འོང་། སང་ཕོད་ཁྱོད་ཀྱི་སྲས་ཆེ་བ་དེ་བདག་པོ་ལ་སྤྲོད་དང་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་པ་ཡོད། སྲས་འབྲིང་བ་དེ་སྟེར་ཀྱང་རུང་མ་སྟེར་ཀྱང་རུང་། སྲས་ཆུང་བ་དེ་སུ་ལའང་མ་སྟེར་དང་ཁྱོད་ཀྱི་བསྟན་པ་ལ་ཕན་ཐོགས་རེ་འབྱུང་སྲིད། ད་དུང་སྲས་དྲུག་གམ་ལྔ་འབྱུང་བས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པ་ནི་དབུལ་ཕོངས་དང་རྒུད་པ་སེལ་བ་ལ་ཡིད་བཞིན་དབང་གི་རྒྱལ་པོ་ལྟ་བུ་ཤ་སྟག་ཡིན་ཏེ་སྨོན་ལམ་གྱི་སྟོབས་ལས་སྐྱེས་པ་ཡིན། ཁྱོད་ལ་བུ་སློབ་ནམ་མཁའི་སྐར་ཚོགས་ལྟ་བུ་འབྱུང་ལ་ཁྱད་པར་དུ་ཉི་ཟླ་སྐར་ཆེན་ལྟ་བུ་བཅུ་བདུན་འབྱུང་། བསྟན་པ་ལ་ཕན་ཆེར་ཐོག དེ་དག་ནི་ངེས་མེད་ཀྱི་རི་ཁྲོད་བསྟན་ཞིང་སྙིང་པོའི་སྒྲུབ་པ་ལ་བརྩོན་པ་དང་། ལོ་རེ་བཞིན་འཆི་མེད་ཚེ་ཡི་སྒྲུབ་པ་ལ་འབད་པ་གལ་ཤིན་ཏུ་ཆེ་བ་ཡིན། བདུད་གཅོད་ཟབ་མོའི་གདམས་པ་ལ་བརྟེན་ནས་ལུས་ཀྱི་གཅེས་འཛིན་བཏང་སྟེ་ཤ་ཁྲག་སྟོན་འགྱེད་བྱ་བ་ནི་བར་ཆད་ཐམས་ཅད་སེལ་བའི་གནད་མཆོག་ཡིན་ཏེ་མ་བརྗེད་སེམས་ལ་ཞོག་དང་ངས་བླ་སློབ་ཀུན་གྱི་མཐུན་རྐྱེན་ཅི་ནུས་སུ་བསྒྲུབ་འོང་། ཞེས་ཟེར་ཞིང་མི་སྣང་བར་ཡལ་ལོ།།དེ་ནས་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་གྱི་ནུབ་མཁའ་འགྲོ་མ་དབང་གི་རྒྱལ་མོ་ཡིན་ཟེར་བའི་བུད་མེད་དམར་མོ་ཞིག་གིས་ན་རེ། ཀྱཻ། སྐལ་པ་བཟང་པོའི་སྐྱེས་བུ་ཁྱོད༎ གནས་འདི་རྡོ་རྗེ་མཁའ་འགྲོའི་གནས༎ ཨོ་རྒྱན་ངྷུ་མ་ཐ་ལ་དང་༎ མཉམ་པའི་ས་སྤྱོད་འོག་མིན་ཏེ༎ ཏིང་འཛིན་ཤུགས་ཀྱིས་སྐྱེ་བའི་གནས༎ ད་ནི་ཁྱོད་ཀྱི་གནས་འཕོ་ཚད༎ དངོས་གྲུབ་འགའ་རེ་ཐོབ་ནས་གདའ༎ ཉ་མང་ཞེས་བྱའི་ལུང་ཕྲན་དུ༎ ཡུན་གཅིག་སྡོད་ལ་མངོན་སྤྱོད་ཀྱི༎ ལས་ལ་བརྩོན་ན་བསྟན་དགྲ་ཐུལ༎ ཕུག་ལུང་གད་ཀྱི་ལ་ཐོག་ཏུ༎ གནོད་སྦྱིན་ཆེན་པོའི་བླ་གནས་ཡོད༎ དྲག་པོ་མཐུ་ཡིས་གྲགས་པ་ཐོབས༎ རེ་ཞིག་དེ་རུ་གནས་མཛོད་ཅིག། བུ་སློབ་བཟང་པོ་འགའ་ཞིག་འདུ༎ རིང་པོར་མི་ཐོག་དེར་བཞུད་ཅིག། ཅེས་ཟེར་ཡལ།
དགུང་ལོ།༣༧ དེ་ནས་རང་ལོ་སུམ་ཅུ་སོ་བདུན་ལྕགས་ལུག་གི་ལོར། ཧོར་ཟླ་དང་པོའི་ཚེས་གཅིག་གི་ཉིན་སྨར་གྱི་ཉ་མང་ལུང་པ་རུ་ཕྱིན་ནས་ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་པ་ལ་ཞུགས་ནས་ཟླ་བ་དང་པོའི་བཅོ་ལྔ་ནས་གཉིས་པའི་བཅོ་ལྔ་བར་དུ་དམ་རྒྱས་སྒྲུབ་ཚེ། བདག་ལ་མིག་འབྱིན་ལྕགས་ཀྱུ་རྣོན་པོའི་སྔགས་ཡིན་ཟེར་བའི་སྔགས་འབྲུ་ལྔ་པ་ཞིག་ལྷ་ཆེན་གྱིས་དངོས་སུ་གནང་པ་ཞག་བཅུ་རུ་ལག་ལེན་ལ་བཏབ་ཚེ། བསྟན་དགྲ་དེའི་མིག་ལོང་བར་གྱུར་ནས་མཐུ་ཡིས་གྲགས་པ་ཐོབ། དེ་ནས་དཔྱིད་ཐ་ཆུང་གི་ནང་དུ་ཕུག་ལུང་གད་ཐོག་ཏུ་ཁང་པ་ཞིག་ལས་གྲབ་བྱེད་དུ་ཡོད་པའི་གནས་སྐབས། ཚེས་བཅུའི་ནུབ་མཁའ་འགྲོ་ཀུན་ཏུ་རྒྱུ་བ་རིགས་ལྡན་མ་ཡིན་ཟེར་བའི་བུད་མེད་རྒན་མོ་ཞིག་གིས་ན་རེ། སྐྱེས་བུ་མཆོག་ཁྱོད་ཚུར་ཉོན་དང་༎ སྟོན་ཟླ་འབྲིང་པོའི་ཚེས་གསུམ་ཉིན༎ ཁང་བ་བརྩིགས་པའི་གཟའ་སྐར་ལེགས༎ དུས་སྐབས་དེ་རུ་མ་ཐུག་པར༎ ཁང་པ་བརྩིགས་པའི་དུས་མ་ཡིན༎ དེ་བར་འདི་རུ་སྡོད་ཅིག་དང་༎ བཟང་ངན་རྐྱེན་སྣང་གང་ཡང་མེད༎ ཅེས་ཟེར་བས་ལན་དུ་ངས་འདི་ལྟར་སྨྲས། སྲིད་པའི་ཨ་ཕྱི་ཆེན་མོ་ལགས༎ སྨར་གྱི་ཕུག་ལུང་ལ་ཐོག་ཏུ༎ ང་ཡི་བསྟན་སྲིད་ཅི་ཙམ་གནས༎ མ་མ་ཁྱོད་ཀྱིས་བསྟན་དུ་གསོལ༎ ཅེས་སྨྲས་པས་ལན་དུ། དྲན་མེད་ཉིང་འཁྲུལ་མཁན་པོ་ཞིག། བྱུང་ཚེ་རྟེན་འབྲེལ་རྟོགས་དང་གསལ༎ དེ་རིང་ང་ལ་བཤད་པ་མེད། ཁྱོད་ཀྱིས་ང་ཡི་ངག་བཞིན་ཉོན༎ དགྲ་གྱོད་ཁ་བ་བབ་བཞིན་དུ༎ འབྱུང་བ་སྔོན་གྱི་ལས་སུ་སོམས༎ ཨོ་རྒྱན་ཆེན་པོའི་ཞལ་ན་རེ༎ ང་ཡི་གཏེར་དང་འཕྲད་པའི་ཚེ༎ རྒྱ་བོད་ལྷ་འདྲེས་ཕྲག་དོག་ནས༎ ལེགས་ཉེས་གར་གྱི་རྣམ་འགྱུར་སྟོན༎ ཀི་སྒྲ་འདོན་ཞིང་ཧབ་ཤ་བྱེད།། དེ་ཚེ་ང་ཡི་བུ་མཆོག་ལ༎ ཡ་ང་བག་ཚ་མ་མཆིས་ན༎ བདུད་ཀྱི་འཇུག་སྒོ་ག་ལ་ཡོད༎ ཅེས་གསུངས་བཀའ་བཙན་དྲན་པར་གྱིས༎ ཞེས་ཟེར་ཞིང་སྟོང་པར་ཡལ་ལོ། དེ་ནས་སྟོན་ཟླ་ར་བའི་ཚེས་གསུམ་ལ་བབས་ཚེ། ལས་མི་མང་པོ་བསྡུས་ནས་ཁང་པའི་རྨང་བཏང་ཚེ་མགོན་ཁང་གི་རྨང་བརྐོས་དུས་རིན་པོ་ཆེ་གསེར་གཡུ་དུང་གསུམ་ཟངས་དངུལ་ལྕགས་གསུམ་མཆོང་དང་ར་གན་མུ་མིན་བྱུ་རུ་ལ་སོགས་པའི་རིན་པོ་ཆེ་ངོ་ཤེས་པ་དང་མི་ཤེས་པ་གཞོང་ཆུང་གང་ཙམ་རྡོལ་བྱུང་བ་བསོད་ནམས་དང་ལོངས་སྤྱོད་འཕེལ་བའི་རྟེན་འབྲེལ་དུ་གོ། གཉེར་ཁང་གི་རྨང་འོག་ནས་མི་རོ་ཆེ་ཆུང་གསུམ་གྱི་རུས་པ་དང་མུ་ཏིག་གི་ཕྲེང་བ་ཟངས་ཐག་ལ་བརྒྱུས་པ་རྣམས་བྱུང་བ་མགོན་ཁང་དུ་རྟེན་འབྲེལ་ལེགས་ཀྱང་ཁང་པའི་འགབ་ཕྱོགས་ལགས་པའི་བཀོད་མི་བདེ་བས་མ་བྱས། ཁང་པ་གྲུབ་ཟིན་ཚེ་བན་སྨྱོན་ཞིག་སླེབ་བྱུང་བ་དེ་ལ་རྟེན་འབྲེལ་བརྟགས་ཕྱིར་ཁྱོད་སོང་ལ་སྨར་ཆུའི་ནང་ནས་རྡོ་མི་འདྲ་བའི་རྟགས་ཅན་ཞིག་ཁྱེར་ཤོག་སྨྲས་ཚེ་དེ་སོང་ནས་དགོང་མོ་དེར་ཆུ་རྡོ་སྨུག་པོ་མི་ཡི་རྣ་བ་འདྲ་བ་ཞིག་ཁྱེར་འོང་། བུ་སློབ་རྣམས་ཀྱིས་འདི་རྟེན་འབྲེལ་གང་ལེགས་ཟེར་བ་ལ་བདག་གིས་གནས་འདི་ནས་ཡུན་རིང་སྡོད་རྒྱུ་མི་འོང་སྟེ། རྣ་བས་ཉན་ན་ཐོས་པའི་ས་ཞིག་ཏུ་ཕྱིན་འགྲོ་དགོས་བྱུང་བའི་ལྟས་ངེས་པ་རེད་ཅེས་སྨྲས། དེ་ནས་དགུན་ཟླ་ར་བའི་ཚེས་གྲངས་གསུམ་ལ་བབས་ཚེ་མདུན་གྱི་ནམ་མཁར་མཁའ་འགྲོ་མ་ལས་ཀྱི་དབང་པོ་ཆེ་ཡིན་སྐད་པའི་བུ་མོ་སེར་མོ་ཞིག་ན་རེ། ཟླ་བ་འདི་ཡི་ཚེས་བཅུ་ནས་བཅོ་ལྔའི་བར་དུ་ཚོགས་མཆོད་མང་པོ་ཞིག་གྱིས་དང་དགོན་པ་འདི་མི་རབས་གཉིས་ཙམ་ལ་ཆོས་ཀྱི་དགོན་པ་རུ་འགྱུར་ཏེ་ཁྱོད་ཡུན་རིང་པོར་འདུག་པའི་སྐལ་བ་མེད་ཀྱང་བྱས་པ་དོན་མེད་དུ་མི་འགྱུར་བས་དགོས་པ་ཡོད་ཟེར་ཞིང་ཡལ་སོང་། དེས་ཟེར་བ་བཞིན་རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་བྱོན་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་རྡོ་རྗེ་ཁྲོ་ལོད་ཀྱི་ཚོགས་བསྐང་རྒྱ་ཆེན་པོ་བྱས། དགུན་ཟླ་འབྲིང་པོའི་ཚེས་བཅུའི་ནངས་པར་སློབ་བུ་དྷརྨ་པ་ཞེས་བྱ་བས། ང་ལ་མཁའ་འགྲོ་ཁྲོས་མ་ནག་མོའི་སྒྲུབ་ཐབས་ཤིག་ཕོབས་དང་ཉམས་ལེན་ལ་ཅི་ནུས་སུ་འབད་ངེས་ཟེར་བ་ལ། བདག་གི་དེ་ཡི་མཚན་དང་དབུ་བརྩམས་ནས་ཡོད་པའི་གནས་སྐབས་སུ་ཡུན་ཅིག་བཞག་ནས་རྨི་ལམ་བརྟགས་པས། དེ་ནུབ་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་མས་འདི་སྐད་ཟེར། ང་ནི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞེས་བྱ་བ་ཡིན་ཏེ་ཁྱོད་ཀྱིས་ལས་ཅི་བྱེད་དུ་ཡོད་ཅེས་ཟེར། དེ་ལ་བདག་གིས་སློབ་བུ་འདིས་མཁའ་འགྲོ་ཁྲོས་མ་ནག་མོའི་སྒྲུབ་ཐབས་ཤིག་དགོས་ཞེས་ནན་དུ་བསྐུལ་འདུག་པ་ལ། དེ་ཕབ་ཆས་བྱས་ནས་དབུ་བཙུག་ཡོད་དེ་ལེགས་སམ་ཞེས་ཞུས་པས། མཁའ་འགྲོ་མ་ན་རེ། ད་ལྟའི་ཁྱོད་ཀྱི་བུ་སློབ་འདི༎ གཏེར་ཆེན་ཤེས་རབ་འོད་ཟེར་གྱི༎ སློབ་མ་སེང་གེ་རྒྱ་མཚོ་ཡིན༎ བླ་མའི་སྨོན་ལམ་མཐུ་ཡོད་ཀྱང་༎ སྔོན་གྱི་ལས་ཀྱིས་ལན་པ་ཡིན༎ ད་ལྟ་མི་རིགས་ངན་པར་སྐྱེས༎ ལོག་པ་བདུད་ཀྱིས་བློ་བསྒྱུར་ན༎ ཁྱོད་དང་འགལ་ཏེ་གཞན་འོག་འགྲོ༎ ཁྱོད་ཀྱི་བསྟན་ལ་ཕན་མི་ཐོགས༎ དེ་འདྲའི་བདུད་ཀྱི་མ་བསླུས་ན༎ བསྟན་འགྲོའི་མགོན་པོ་མཆོག་གྱུར་ནས༎ ཁྱོད་ཀྱི་བསྟན་ལ་ཕན་ཆེར་ཐོགས༎ བདུད་ཀྱི་དབང་དུ་མ་སོང་བར༎ འོད་གསལ་ཐོད་རྒལ་ལ་སྤྱོད་ན༎ འཇའ་ལུས་རྡོ་རྗེའི་སྐུ་འཐོབ་འགྱུར༎ ཅེས་ཟེར་བའི་ལན་དུ། ངས་འདི་སྐད་སྨྲས། བླ་མ་ཐུགས་རྗེ་ཅན་འདི་ང་དང་འགལ་ཏེ་སློབ་དཔོན་གཞན་བསྟེན་ན་འཇའ་ལུས་ཨེ་ཐོབ་ཅེས་དྲིས་པས། དེ་ན་རེ། སྔོན་བདུད་འདུལ་རྡོ་རྗེའི་དུས་སུ་དེ་ཡི་སློབ་བུ་པདྨ་འོད་ཟེར་ཞེས་བྱ་བ་ཡིན་ཏེ། བླ་མས་མ་འོངས་པའི་དུས་སུ་ངས་ལྕགས་མོ་བདུད་འཇོམས་གླིང་པའི་ལུས་བླངས་ནས་ཟབ་གཏེར་སྐོར་བཞི་ལ་དབང་བྱེད་པའི་དུས་སུ་ཁྱོད་ངའི་འབངས་སུ་གྱུར་ཏེ་ངའི་ཟབ་ཆོས་ལ་སྤྱོད་ནས་འཇའ་ལུས་འཕོ་བ་ཆེན་པོ་རུ་སངས་རྒྱས་པར་གྱུར་ཅིག་ཅེས་པའི་སྨོན་ལམ་དེ་ཡིས་སྟོབས་ཡོད་ཀྱང་། དེར་མ་བསྟེན་ན་འཆི་ཁ་ཐ་མལ་དུ་ལུས་ནས་ཐར་ལམ་ཡང་དེ་ཙམ་མོ། བདུད་ཀྱི་ལམ་ལས་ལོག་ནས་ཁྲེགས་ཆོད་ཀྱི་ལྟ་བ་ལ་མཁས་པར་སྦྱངས་ནས་གཏན་ལ་ཕབས་ཏེ་མཐར་ལམ་ཐོད་རྒལ་བསྟེན་ན་གྲོལ་བ་ཐོབ་སྲིད་དེ་སློབ་དཔོན་གཞན་དབང་དུ་གྱུར་བ་དང་རང་ཉམས་ལ་སྐྲག་ཅིང་འཇིགས་ནས་ཉམས་སུ་ལེན་པའི་དུས་མེད་པ་ཐོག་ཏུ་བབས་པར་གྱུར་ན་ནི་བདུད་དང་མཁའ་འགྲོ་མས་བསླུས་པ་ཡིན་ནོ། འོན་ཀྱང་ཆོས་ནི་ཡི་གེར་ཕབ་ན་ལེགས་ཏེ་ཁོས་ཉམས་སུ་མ་བླང་ཡང་ཆོས་བདག་སྐྱེས་བུ་སྣོད་ལྡན་པ་མང་པོ་འདི་ཡི་སྒོ་ནས་གྲོལ་པའི་སྐལ་བ་ཡོད་པས་དཀའ་ཚེགས་ལ་མ་འཛེམ་པར་མྱུར་དུ་ཕོབས་དང་ཀུན་ལ་ཁྱབ་པའི་རྟེན་འབྲེལ་གྱི་ལྟས་ཤིག་འབྱུང་བ་དང་། དངོས་གྲུབ་ཀྱི་པྲ་ལྟས་སློབ་བུའི་མཆོག་ཅིག་ལ་འབྱུང་ངེས་ཡིན། ཞེས་ཟེར་ཞིང་མི་སྣང་བར་གྱུར་ཏོ།། ཟླ་བ་ཕྱི་མའི་ཚེས་བརྒྱད་ཀྱི་ནུབ་རྨི་ལམ་ན་ཡུལ་ཡངས་པ་ཆེན་པོ་བྱང་ཐང་ན་བ་མེ་ཏོག་གིས་གང་བའི་སྐྱེད་མོའི་ཚལ་ཞིག་ན་དར་མཐིང་ནག་གི་གུར་ཆེན་པོ་ཞིག་གི་ནང་ན་རིན་པོ་ཆེའི་ཁྲིའི་སྟེང་དུ་དར་ཟབ་དང་འབོལ་བརྩེགས་ཀྱི་གདན་ལ་ང་ཡི་བླ་མ་འཇམ་དབྱངས་དེ་ཉིད་སྐུ་མངོན་སུམ་པ་ལྟ་བུར་བཞུགས་འདུག་པས་བདག་གིས་བླ་མ་ལ་མཇལ་བ་ཙམ་གྱིས་དད་གུས་དང་དགའ་གདུང་ཚད་མེད་པ་སྐྱེས་ཤིང་མིག་ནས་མཆི་མ་རྡོལ་བཞིན་དུ་འདི་སྐད་ཞུས། ཚེ་རབས་གཏན་གྱི་མགོན་པོ་ཁྱོད་དང་ད་སྔོན་ལོ་གྲངས་མང་པོ་ལ་མཇལ་སྟབས་མ་འགྲིགས། དེ་རིང་བདག་གིས་མཇལ་བ་འདི་སྐལ་བ་དང་ལྡན་པ་ལགས། ཁྱེད་བཞུགས་པའི་གནས་གང་ལགས་ཞུས་ཚེ། བླ་མའི་ཞལ་ནས་བདག་གིས་སྔོན་ནུབ་ཕྱོགས་བདེ་བ་ཅན་དུ་སྨོན་ལམ་བཏབ་ནས་འདུན་པ་གཏད་པ་ཡིན་ཏེ། དེར་བསྒོམ་བཟླས་ཀྱི་གནད་མ་ཐེང་བས་བར་དོ་དང་པོ་གནས་སྐབས་སུ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་དྲན་ནས་སྣང་བ་དེ་མཆེད་ཅིང་གནས་བ་ཡིན། ཁྱོད་ལ་གཏེར་ཆོས་བབ་པ་ངོ་མཚར་ཆེ། དེ་བབས་ལུགས་ཇི་ལྟ་བུ་ང་ལ་སྨྲོས་ཤིག་གསུངས། དེ་ཡི་ལན་དུ་ངས་འདི་ལྟར་ཞུས། བླ་མ་ཐུགས་རྗེ་ཅན་ཁྱེད་ངེས་པ་ལྔ་ལྡན་གྱི་ཞིང་ཁམས་ལ་དབང་བསྒྱུར་བས་བྱང་ཆུབ་སེམས་དཔའ་ཆེན་པོས་ངའི་ཡིན་ལུགས་ལོས་མཁྱེན་དང་དགོས་པ་ཆེན་པོའི་ཕྱིར་དེ་ལྟར་གསུངས་པ་ལགས་སོ། སྔོན་རང་ལོ་ཉེར་གསུམ་གྱི་དུས་ནུབ་གཅིག་གི་རྨི་ལམ་ན་མགོན་པོ་སྤྱན་རས་གཟིགས་ཡིན་སྐད་པའི་མི་དཀར་གསེར་གྱི་ཟུར་ཕུད་ཅན་ཞིག་གིས། བུ་ཁྱོད་ནི་ཚེ་རབས་མང་པོའི་གོང་ཐོག་ནས་ལས་དང་བསོད་ནམས་བཟང་པོའི་སྟོབས་དང་ལྡན་པའི་ཁར་སྨོན་ལམ་རྣམ་པར་དག་པའི་མཐུ་དང་ལྡན་པ། ས་དང་ལམ་གྱི་ཡོན་ཏན་རྫོགས་པའི་སྐལ་ལྡན་ཡིན་ཏེ། ད་རེས་བསྟན་འགྲོ་ལ་ཕན་འགའ་ཙམ་ཐོགས་པའི་ལས་སྐལ་ཡོད། དེ་ཕྱིར་སྒྲོམ་བུ་འདི་ཟོ་ཞེས་ཟེར་ཞིང་ཤེལ་གྱི་སྒྲོམ་བུ་མཐེ་བོང་ཙམ་གྱི་ངོར་མེ་ལོང་ལ་གཟུགས་ཤར་བ་ལྟར་ཡི་གེ་ཨོཾཿ ཧཱུཾཿ ཏྲཾཿ ཧྲཱིཿཨཱཿ ཞེས་ཁ་དོག་སྣ་ལྔ་སྣང་བ་ཞིག་གནང་མ་ཐག་ཏུ་བདག་གིས་ཁྱུར་མིད་དུ་བཏང་བ་དང་། འཕགས་པའི་ཞལ་ནས། དེ་ཟབ་ཆོས་དགོངས་པ་ཀློང་རྡོལ་ཞེས་བྱ་བ་ཡིན་གསུངས་ནས་བདག་ལ་ཐིམ། དེ་ནས་རེ་ཞིག་གི་ཚེ་ཡང་འཇམ་དཔལ་སྨྲ་བའི་སེང་གེའི་སྒོམ་བཟླས་ལ་ཞུགས་ཚེ་ཕྱི་དྲོའི་དུས་ཤིག་ཏུ་དྲི་བཟང་གིས་གནས་ཁང་གང་བ་བྱུང་། དེ་དུས་འཇམ་དཔལ་སྨྲ་བའི་སེང་གེའི་ཞལ་མངོན་སུམ་དུ་གཟིགས་ཤིང་ཕྱག་ནས་གསེར་གྱི་སྒྲོམ་བུ་བྱེའུའི་སྒོ་ང་ཙམ་ཞིག་བདག་ལ་གཏད་དེ་འདི་ཟོ་ཞིག་དང་གསུངས་པའི་མོད་ལ་བདག་གིས་ཁྱུར་མིད་དུ་ཟོས་པས་འདི་ནི་དག་སྣང་ཡེ་ཤེས་དྲྭ་བ་ཞེས་བྱ་བ་ཡིན་ནོ། ཞེས་གསུངས་ནས་བདག་ལ་ཐིམ་པའི་སྣང་བ་བྱུང་། ཡང་རེ་ཞིག་གི་ཚེ་དཔལ་ཆེན་ཕྱག་ན་རྡོ་རྗེ་ཡིན་སྐད་པའི་ཁྲོ་བོ་ཆེན་པོ་བལྟར་མི་བཟོད་པ་ཞིག་དང་མཇལ་བའི་ཚེ་བདག་ཤིན་ཏུ་བྲེད་ཅིང་བསྔངས་ནས་ཡོད་པའི་གནས་སྐབས་ན། གསང་བའི་བདག་པོའི་ཞལ་ནས་སྐྱེས་བུ་ཆེན་པོ་ཁྱོད་ང་ལ་མ་འཇིགས་མ་སྐྲག་མ་སྔངས་པར་ཉོན་དང་། ང་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་ངོ་བོ་བཀའ་སྲུང་དྲེགས་པ་ཡོངས་ཀྱི་འབྱུང་གནས་དཔལ་ཆེན་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ཡིན། འགྲོ་བའི་དོན་བྱེད་པའི་ཕོ་ཉར་མངགས་སོ། ཞེས་གསུངས་ཤིང་གཡུ་ཡི་མཆོད་རྟེན་མཐེའུ་བོང་ཙམ་པ་ཞིག་གི་ནང་དུ་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོའི་རི་མོ་ཤར་བ་ཞིག་གནང་ནས་འདི་ཟོ་ཞིག་གསུངས། དེ་ལྟར་བདག་གིས་ཁར་བཅུག་པས་དངོས་མེད་དུ་གྱུར་ཀྱང་མིད་སྟངས་བྱས་སོ། གསང་བའི་བདག་པོའི་ཞལ་ནས་དེ་ཆོས་ཉིད་ནམ་མཁའི་ཀློང་མཛོད་ཅེས་བྱ་བ་ཡིན་གསུངས་ནས་སླར་བདག་ལ་ཐིམ། དུས་དེ་ནས་བཟུང་སྟེ་དག་སྣང་སྐོར་གསུམ་པོ་བདག་གི་རྒྱུད་ལ་སྤར་གྱིས་བཏབ་པ་ལྟར་འཆར་བ་ཡིན། གཞན་ཡང་དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་དང་ཞལ་མཇལ་ནས་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་སྨིན་བྱེད་ཀྱི་དབང་གྲོལ་བྱེད་ཀྱི་གདམས་པ་རྒྱབ་རྟེན་གྱི་ལུང་རྣམས་ཡོངས་སུ་རྫོགས་པ་གནང་། ཨ་མ་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་མཇལ་ནས། དེས་འཁོར་འདས་སྟོང་ཉིད་ཆེན་པོ་རུ་ངོ་སྤྲད་ཅིང་རྟོགས་པ་ཡིན། སྐབས་སྐབས་སུ་རིག་འཛིན་བླ་མའི་ཚོགས་དང་བདེ་གཤེགས་རྒྱལ་བ་སྲས་བཅས་མང་པོ་དང་ཞལ་མཇལ་ནས་གསུང་གི་བདུད་རྩི་ནོད་ནས་རྒྱུད་བྱིན་གྱིས་བརླབས་པ་ཡིན། ཟབ་ཆོས་མཁའ་འགྲོའི་སྙིང་ཐིག་གི་ཁ་བྱང་ལོན་ཚུལ་ནི། སྨར་གྱི་སྦ་གཏེར་བྲག་དང་། བཙུན་མོ་དངུལ་རྒོད་བྲག་དང་། སྨར་གྱི་པོ་ཙོང་མཆོད་རྟེན་དང་། རྒྱས་བྲོའི་མཆོད་རྟེན་དང་། བཀྲ་ཤིས་སྒོ་མང་དང་ལྕགས་རི་ཅན་རྣམས་ཀྱི་ནང་ནས། ཁ་བྱང་ཡང་བྱང་སོགས་རྡོ་དང་སྨྱུག་སྦུག་དང་ས་དང་ལ་ཆ་དང་ཤིང་རྣམས་ལས་བྱས་པའི་སྒྲོམ་བུ་དང་། སྒྲོམ་བུ་མེད་པའི་ཤོག་དྲིལ་དང་། སོལ་དུམ་གྱི་ནང་ན་ཡོད་པ་རྣམས་རྙེད་པ་ཡིན། ཞེས་ཞུས། དེ་ནས་བླ་མའི་ཞལ་ནས་ཟབ་ཆོས་དག་སྣང་སྐོར་གསུམ་དེ་འཕགས་པ་རིགས་གསུམ་མགོན་པོའི་རྣམ་པར་འཕྲུལ་བ་དངོས་ཡིན་ལ་བསྟན་པའི་གནས་ཚད་ཐུང་བས་ནུས་པ་ཐམས་ཅད་དུས་གཅིག་ཏུ་བསྡོམ་པའི་ཚུལ་གྱིས་བྱིན་གྱིས་རླབས་ཤིན་ཏུ་ཆེ་ཞིང་མྱུར། དེ་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་རིང་པོར་མི་ཐོགས་པར་མྱུར་དུ་གྲོལ་བར་ཐེ་ཚོམ་མེད་གསུངས། བདག་གིས་བླ་མ་ལགས། བསྟན་པ་གནས་ཡུན་ཐུང་བ་ཅི་ཡིས་ལན་ཡིན་ཞེས་ཞུས་ཚེ། འབྱུང་འགྱུར་གྱི་ལུང་བསྟན་མང་དུ་གསུངས་ཏེ་དབྱིངས་སུ་ཡལ་སོང་། ༈རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་དངོས༎ རིགས་གསུམ་མགོན་གྱི་སྐུ་གསུང་ཐུགས་ཀྱི་ནི༎ སྒྱུ་འཕྲུལ་གང་མཚམས་གང་འདུལ་དེར་སྣང་བ༎ བསམ་གྱིས་མི་ཁྱབ་རྡོ་རྗེའི་བརྡ་ཚིག་གི གནས་ལས་ཟབ་ཆོས་གསུམ་གྱི་དགའ་སྟོན་དེ༎ འདོད་དགུར་འཇོ་བའི་ངོ་མཚར་འདི་ཅི་ཞིག། གང་ཞིག་དེ་དང་འཕྲད་པའི་ལས་ཅན་ཡང་༎ སྐལ་བར་ལྡན་དེ་སྲིད་པ་ཐ་མ་ཡིན༎ རྨོངས་དང་ཁེངས་པའི་ཡིད་དཀྲུགས་གཞན་དག་གིས༎ ཕྲག་དོག་བློ་ཡིས་ངན་སྨྲས་ཅི་སྒྲོགས་ཀྱང་༎ གདེང་ཐོབ་རྒན་པོ་བདག་ནི་བློ་རེ་བདེ༎
དགུང་ལོ།༣༨ དེ་ནས་རང་ལོ་སོ་བརྒྱད་ཆུ་སྤྲེལ་གྱི་ལོ་ཁྱིམ་ལ་བབས་ཚེ་མཁའ་འགྲོ་ཁྲོས་མའི་སྒྲུབ་ཐབས་སྐོར་རྣམས་ཡི་གེར་ཕབ་པའི་ཚེ་རླུང་ཆེན་འཚུབ་མ་ཞིག་བྱུང་ནས་ཡི་གེ་ཕྱོགས་ཐམས་ཅད་དུ་ཁྱེར་སོང་བ་དེ་ཡུལ་ཕྱོགས་ཀུན་ཏུ་ཁྱབ་པའི་ལྟས་སུ་གོ རོ་ཐང་ཐམས་ཅད་བྱ་རྒྱལ་རྒོད་ཀྱིས་གང་བ་དང་། མཁའ་འགྲོའི་བླ་བྱ་རྒོད་ཀྱི་ཐིས་ཕྲན་གྱི་ཆར་བ་བབས། སློབ་བུ་པདྨ་བཀྲ་ཤིས་ཀྱིས་རང་གི་ཉམས་སུ་ལེན་པའི་དམ་བཅའ་བྱས་ཏེ་ཡི་གེ་འབྲི་བའི་དབུ་བཙུག་པའི་ཉིན་ནམ་མཁའ་སྟོང་པའི་དབྱིངས་ལས་འོ་མའི་རྒྱུན་རོ་བཅུད་ནུས་པ་དང་ལྡན་པ་ཕོར་བ་གང་ཙམ་བབས་པས་དེས་དེ་བཏུང་བས་ཞག་གསུམ་དུ་ལུས་སེམས་བདེ་བས་གང་ཞིང་རྟོགས་པ་གསར་དུ་འཁྲུངས། མཐར་ཡང་གཞན་ལས་ཁྱད་དུ་འཕགས་པའི་རྟོགས་པ་དང་ལྡན་ཞིང་མཁས་པ་ཞིག་བྱུང་ལ། ངེས་མེད་ཀྱི་རི་ཁྲོད་དུ་སྙིང་པོའི་སྒྲུབ་ཚུགས་ཟིན་ཞིང་ཡང་དག་རྫོགས་པའི་སངས་རྒྱས་ཀྱི་མྱུར་ལམ་ལ་མངའ་དབང་འབྱོར་བ་ཡིན། ༈དངོས་མེད་ཐོགས་བྲལ་མཁའ་ལས་དངོས་ཅན་གྱི༎ རྣམ་པ་བདུད་རྩི་འོ་མའི་རྒྱུན་བྱུང་བ༎ མན་ངག་ཆེས་ཟབ་སྒྲུབ་ཐབས་འདིར་བསྟེན་ན༎ སྟོང་དབྱིངས་ངོ་བོ་ཤེས་རབ་ཕག་མོ་ཡི༎ བྱིན་རླབས་ཐབས་སྣང་གྲུབ་གཉིས་འབད་མེད་དུ༎ འབྱུང་བའི་བརྡ་སྟེ་རྟོགས་ལྡན་བླ་མ་དང་༎ བྱིན་ཅན་གདམས་པ་སྐལ་བཟང་སློབ་མ་ཡི༎ རྒྱུ་རྐྱེན་འཛོམས་ཚེ་མཆོག་གི་དངོས་གྲུབ་ཡང་༎ ཚེགས་མེད་འགྲུབ་པ་རྟེན་འབྲེལ་ཆོས་ཉིད་ཡིན༎ སློབ་བུ་ཚེས་བཅུ་སྤྲོ་པའི་ཤུགས་ཀྱིས་རང་གི་ཉམས་སུ་ལེན་འདོད་ནས་ཡི་གེ་འདྲི་བའི་ཚེ་གནས་ཁང་གི་སྟེང་དུ་འཇའ་དར་ཡུག་འདྲ་བ་ལྔ་ཤར་བའི་འཇའ་ལུས་སྒྱུ་མའི་སྐུར་གྲོལ་བའི་ལྟས་བྱུང་མཐར་ཡང་ལྷ་སའི་གླིང་ནས་མྱ་ངན་ལས་འདས་པའི་ཚེ་འཇའ་འོད་ཀྱི་གུར་དང་རྟགས་མཚན་གཞན་ལས་ཁྱད་པར་འཕགས་པ་བྱུང་བས་བོད་དབུས་གཙང་སོགས་ཐམས་ཅད་ངོ་མཚར་བར་གྱུར། དེ་ནས་དགུན་ཟླ་འབྲིང་པོའི་ནང་དུ་མཁའ་འགྲོ་ཁྲོས་མའི་སྒྲུབ་པ་ལ་ཟླ་གཅིག་ཏུ་ཞུགས་ཚེ། སྒྲུབ་པའི་གྲོགས་སློབ་མའི་མཆོག་ཚེས་བཅུ་དང་པདྨ་བཀྲ་ཤིས་ཨོ་རྒྱན་གསུམ་ལས་མི་མང་བ་ནི་དེ་དག་དམ་ལྡན་ངེས་པ་རུ་ཐག་ཆོད་པས་སོ། དེ་ཚེ་བྱ་རྒྱལ་རྒོད་ཀྱི་ཐིལ་ཕྲན་གྱི་ཆར་བབ། དྲི་བཟང་གིས་ཁྱིམ་གང་བ་སོགས་ལྟས་མཚན་བཟང་པོ་བྱུང་ངོ་། དེ་སྔོན་བདག་ཧོར་ཚང་གི་ཁྱིམ་དུ་འདུག་སྐབས་རྣུ་ཟོག་བླ་མ་མཁྱེན་རབ་ཀྱིས་ཁོ་བོ་ལ་འཇམ་དཔལ་གྱི་རྒྱུད་ཞིག་ཕོབ་ཟེར་བས་ངོར་དགུན་ཟླ་འབྲིང་པོའི་ཚེས་བཅུ་ལ་དབུ་བརྩམ་པའི་མཁའ་ལ་འབྲུག་སྒྲ་གྲགས་ཤིང་ཁུ་འཕང་ཐོར་ཐོར་བབས་པ་ལ་བདག་གིས་རྟེན་འབྲེལ་ལེགས་སྙམ་ཤིན་ཏུ་དགའ་ནས་སྐྱིད་པ་ལ་ཞེས་སྨྲས། དེ་ན་རེ། དགུན་འབྲུག་གྲགས་པ་འདི་ཐན་ཡིན་ནམ་ཟེར་བ་སོགས་ཀྱིས་རྟེན་འབྲེལ་དེ་ཙམ་མི་ལེགས་པར་མཐོང་ནས་སྡེབ་གྲངས་ལྔ་ཡི་མཚམས་ནས་མ་ཕབ་པར་བཞག་གོ །
མུ་མཐུད་དུ་འགོད་རྩིས་ཡིན།
སྐལ་ངན་ལྟ་བ་དམན་པ་དང་༔
ལོག་ལྟ་ཅན་དུ་མ་གྱུར་ཅིག༔
ཤེས་རབ་སྙིང་རྗེ་དད་ལྡན་པས༔
རྟག་ཏུ་བླ་མ་བསྟེན་པར་ཤོག༔
ལོག་འཚོ་ཁ་ན་མ་ཐོའི་ཟས༔
གཞན་གྱི་སྐྱོན་རྟོག་སྤངས་ནས་ནི༔
ཆོས་ཀྱི་རྩ་བ་ངོ་ཤེས་ཏེ༔
གུས་པས་གདམས་ངག་སྒོམ་པར་ཤོག༔
རང་གི་རྒྱུད་དང་གཞན་གྱི་རྒྱུད༔
གྲོལ་བྱེད་དམ་ཆོས་བདུད་རྩི་ལས༔
ལོག་ན་མེད་པའི་དོན་མཐོང་ནས༔
རྟག་ཏུ་ཆོས་བཞིན་བྱེད་པར་ཤོག༔
བསླབ་པ་ལམ་གྱི་སྨོན་ལམ་འདི༔
གེགས་མེད་ཡིད་བཞིན་འགྲུབ་པའི་མཐུས༔
འབྲས་བུ་རྫོགས་སངས་རྒྱས་ཐོབ་ནས༔
སེམས་ཅན་ཐམས་ཅད་འདྲེན་པར་ཤོག༔
སྒྲོག་འདོན་གཞན་གྱི་འཚོལ་བྱང་།
/ ཁྲིད་ཡིག
ཀུན་བཟང་བླ་མའི་ཞལ་ལུང་།
འཆད་ཁྲིད་ཟུར་བཀོད།
/ལུགས་གཉིས་བླང་དོར་གྱི་བསླབ་བྱ་ཉུང་ངུ།
མཛད་པ་པོ།ཀུན་མཁྱེན་མི་ཕམ་རྒྱ་མཚོ།
/ས་སྐྱ་ལེགས་བཤད།
མཛད་པ་པོ།འཇམ་མགོན་ས་སྐྱ་པཎ་ཆེན།
/ཞིང་སྦྱོང་དྲང་སྲོང་ལུང་གི་ཉི་མ།
མཛད་པ་པོ།ཀུན་མཁྱེན་མི་ཕམ་རྒྱ་མཚོ།
རྒྱ་ཆེན་ཐོས་པ་བསགས་པའི་མཁའ་ལམ་ནས།།
ལྷག་བསམ་སྤྲིན་གྱི་འདུ་བ་རབ་བཀོད་ནས།།
སྤོབས་པའི་ལྕི་བའི་སྤྲིན་གྱི་སྒྲ་དབྱངས་ཀྱིས།།
ཕན་བདེའི་གྲུ་ཆར་རྟག་ཏུ་འབེབས་པར་ཤོག།
ཁྱེད་ཉིད་ཕེབས་བསུ་ཡོད།
བྱང་ཆུབ་སེམས་དཔའི་བསམ་སྤྱོད་ཀྱི་རི་མོ་འབྲི་ཨེ་ཤེས་ལྟ།