ཁྲག་འཐུང་བདུད་འཇོམས་གླིང་པའི་རང་རྣམ། སྒྲ་ཡིག ༦

文摘   其他   2024-12-08 15:00   四川  


བྱང་ཆུབ་སེམས་སྐྱེ་དོན་གཉིས་མཐར་ཕྱིན་ཤོག




བདུད་འཇོམས་གླིང་པའི་གསོལ་འདེབས།    

            敦珠林巴祈祷文



བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད།།

勒米贡乔桑杰欧窝尼      

真实无欺三宝之本性

སྐུ་གསུམ་རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་མཆོག།

革森嘉瓦降措杰热乔      

三身善逝海众妙总集

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྫོགས་ཆེན་པ།།

堪森秋吉嘉波竹钦巴        

三界法王大圆满上师

བདུད་འཇོམས་གླིང་བའི་ཞབས་ལ་གསོལ་བ་འདེབས།།

敦珠朗威亚拉所瓦得    

  降魔尊者足下诚祈祷

འཁོར་འདས་དག་མཉམ་ཆོས་ཉིད་རོལ་བ་རུ།།

括迪达酿秋涅若瓦热        

轮涅平等净法界游戏

རྟོགས་གྲོལ་མངོན་གྱུར་སངས་རྒྱས་འགྲུབ་པར་ཤོག།

多卓温杰桑吉托巴效      

证解显现觉者愿成就



 རྣམ་ཐར་ཡོངས་རྫོགས་སྒྲོག་འདོན་བྱས་ཟིན་པས་མུ་མཐུད་དུ་སྤེལ་རྩིས་ཡིན། གདོད་མའི་མགོན་པོའི་རང་ཞལ་མཇལ་བའི་རྒྱུར་གྱུར་ཅིག །





དགུང་ལོ།༡༥

                                    ལོ་ཁྱིམ་བཅོ་ལྔ་ལ་བབས་ཚེ་ཟླ་བ་གསུམ་པའི་ཚེས་བཅུའི་ནུབ་བུད་མེད་རྒན་པ་ཞིག་ན་རེ། ཁྱོད་ཀྱི་ཕ་ཇོ་དབྱར་ཟླ་འབྲིང་པོའི་ཚེས་གཉིས་སུ་སླེབ་རྒྱུ་ཡིན་པས་ཕ་ཡུལ་དུ་འགྲོ་རན་པ་རེད། རླུང་འཚུབས་མ་གཡོན་འཁོར་ཞིག་གི་ནང་ནས་དམ་སྲི་ཞིག་འབྱུང་ཚེ་རྣམ་འཇོམས་ཀྱི་སྔགས་ཀྱིས་བཏབ་པའི་རྡོ་ཆར་ཕོབ་ལ་གླུ་ལེན་པའི་ངག་བཞིན་བསྒྲུབ་མི་རུང་ཟེར་ནས་ཡལ་ལོ།། དབྱར་ཟླ་ར་བའི་ཚེས་ལྔའི་ཉིན་ཕྱུག་རྫི་ལ་ཕྱིན་ཚེ་རླུང་ནག་འཚུབས་མ་གཡོན་དུ་འཁོར་བ་ཞིག་བདག་གི་གམ་དུ་སྙེགས་ནས་བྱུང་བས་བྲོས་ཀྱང་རྗེས་སུ་སླེབས་བྱུང་ཚེ་རྡོ་མང་པོ་ལ་རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པའི་གཟུངས་སྔགས་ཀྱིས་བཏབ་ནས་འཕང་བས་དེ་མ་ཐག་ཏུ་སྐྱེས་པ་དང་བུད་མེད་གང་ཡིན་ངོ་མི་ཤེས་པ་ཞིག་ཏུ་གྱུར་ནས་གླུ་འདི་ལེན། ཡེ་ཡེ་ཡེ། ཚུར་ཉོན་དང་བུ་ཆུང་གླད་མེད༎ ང་ཁྱོད་ཀྱི་ལྷ་སྲུང་ངོ་མ༎ ཁྱོད་ཡུལ་ཕྱོགས་གཞན་དུ་མ་འགྲོ༎ འདིར་ཞང་པོའི་ཁྱིམ་བདག་གྱིས་ལ༎ ལས་སོ་ནམ་བྱ་བར་འབོད་དང་༎ སྡེ་མང་པོའི་དཔོན་དུ་གྱུར་ཡོང་༎ བཟླ་མི་རུང་དྲག་སྔགས་རྩུབ་མོ༎ རང་སྲོག་གི་གཤེད་དུ་འབབ་སྲིད༎ སྒོམ་མི་རུང་ཁྲོ་བོ་ཁྲོ་མོ༎ མཐར་འདྲེ་བདུད་ངོ་མར་འགྱུར་སྲིད༎ ང་བསམ་བཟང་ཁ་ལ་ཉན་ན༎ ཁྱོད་ཆོས་པ་མི་འོང་ཐག་ཆོད༎ སྲིད་འཁོར་བའི་ལས་ལ་འབད་ན༎ ཁྱོད་བདེ་སྐྱིད་གཉིས་ཀ་འཛོམ་འོང་༎ དེ་སེམས་ལ་ཞོག་ཅིག་བུ་ལོ༎ སུའི་ཁ་ལ་མ་ཉན་རེམ་རེམ༎ ཞེས་ཟེར་ཞིང་ཡལ་སོང་ངོ་། དབྱར་ཟླ་འབྲིང་པོའི་ནང་དུ་ཕ་ཡང་སླེབས་ནས་དེ་དང་ལྷན་ཅིག་ཏུ་ཕ་ཡུལ་དུ་འགྲོ་བའི་ལམ་ཁ་ཞིག་ནས་ནུབ་གཅིག་གི་རྨི་ལམ་ན་མི་ནག་པོ་བེར་ནག་གྱོན་པ་རྟ་ནག་རྟིང་དཀར་ལ་ཆིབས་པ་ཞིག་ན་རེ། ཁྱོད་ཀྱི་ཕ་ཡུལ་ན་ཡུལ་འདྲེ་རྒྱལ་གཤེད་གདུག་པ་ཅན་གཞན་གྱིས་མི་ཐུབ་པ་ཞིག་ཡོད་པས་དེའི་གཉེན་པོར་སྟེང་ཕྱོགས་འོག་མིན་གྱི་གནས་ནས་དཔལ་ཆེན་རྡོ་རྗེ་གཞོན་ནུ་འཁོར་དང་བཅས་པ་མེ་དཔུང་འབར་བའི་རྣམ་པར་བྱུང་ནས་ཁྱོད་རང་ལ་ཐིམ་པར་སྒོམས་ཤིག སླར་ཡང་ཁྱོད་རང་གི་སྙིང་ག་ནས་འོད་ཕུང་འཇའ་ཡི་སྤྲིན་དཔུང་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་གུ་རུ་ཞི་དྲག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་འཇའ་སྤྲིན་འཐིབས་པའི་རྣམ་པར་བྱུང་ནས་རང་ལ་ཐིམ་པས་རང་ལུས་འོད་ཀྱི་ཕུང་པོར་ཞིག་ནས་བླ་མ་དང་ཡི་དམ་གཉིས་སུ་མེད་པའི་ངོ་བོ་ལྷ་མཆོག་རྡོ་རྗེ་ཁྲོ་ལོད་སྐུ་མདོག་དམར་སྨུག་ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་ཕྱར་ཞིང་གཡོན་པས་ལྕགས་ཕུར་ས་ལ་གཟིར་བ། སྐུ་ལ་ཟ་བེར་དང་མཐིང་ཤམ་དང་ཆོས་གོས་དམར་སེར་གསོལ་བ་མི་མགོ་ཁྲག་འཛག་པ་ལྔ་བཅུས་དོ་ཤལ་བྱས་ཤིང་། སྤྱན་གསུམ་སྡང་མིག་བསྒྲད་ཅིང་མཆེ་བ་མན་དུ་གཅིག་པ་དབུ་སྐྲ་གཡས་སུ་འཁྱིལ་ཞིང་སྨ་ར་དང་སྨིན་མ་དམར་སེར་ལས་མེ་ཡི་ཚྭ་ཚྭ་འཕྲོ་བ། ཉི་མ་དང་ཟླ་བས་རྒྱན་བྱས་ཤིང་རྒྱ་སྟག་དམར་ཁྲའི་སྟེང་དུ་གྱད་ཀྱིས་འདོར་ཐབས་སུ་བསྒྲད་པ། ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་འགྱིངས་ཤིང་ལྕགས་སྡིགས་དང་བྱ་ཁྱུང་གི་ཚྭ་ཚྭ་འཕྲོ་བ། དེ་ཡི་ཐུགས་ཀའི་དབྱིངས་སུ་ཡེ་ཤེས་སེམས་དཔའ་གཅེར་བུ་གོས་རྒྱན་མེད་པར་པད་ཉིའི་གདན་ལ་འགྱིངས་ཤིང་ཤིན་ཏུ་ཁྲོས་པའི་ངང་ཚུལ་དང་ལྡན་པའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འགྲེངས་སྟབས་སུ་གནས་པའི་ལྟེ་བར་ཁོང་གསེང་གི་ནང་དུ་ཧཱུཾཿཡིག་དམར་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་གྱིས་ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཐམས་ཅད་བསྒོམ་པ་དང་འདྲ་བའི་ལྷ་དེ་ཡི་རྣམ་པར་ཆུ་མཚོ་ལ་ཁ་ཆར་བབས་པ་ལྟར་སིབ་སིབ་ཐིམ་པར་སྒོམས་ཤིག

                                 ཧཱུཾཿ ཤེས་རབ་སྟོང་ཉིད་ཡུམ་གྱི་མཁར༎ ཐབས་མཆོག་གཞན་གྱིས་མི་ཐུབ་པ༎ ཡེ་ཤེས་སྒྱུ་མའི་སྐུ་རུ་ཤར༎ ཐུགས་གསང་གཞི་ཡི་ཧེ་རུ་ཀའི༎ ཡང་གསང་རྡོ་རྗེ་ཐབས་ཤེས་སྦུབ༎ ཧཱུཾཿལ་སྔགས་ཀྱི་ཕྲེང་བས་བསྐོར།། ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་ཁྲོ་བོ་ལོད་ལོ་ཀ་སརྦ་སིངྔྷི་ཧཱུཾ་ཧཱུཾ༔  ཞེས་ཟེར་ཞིང་མི་སྣང་བར་ཡལ་ལོ།། དེ་ནས་བཟུང་སྟེ་ཚེ་གཅིག་འདི་རུ་བསྒོམ་བཟླས་ཀྱི་གནད་དེ་ལ་བརྟེན་པས་བར་ཆད་ཀྱི་གེགས་དང་རྐྱེན་ལས་གྲོལ་བ་ཡིན།

                                 ཡང་ལོ་ཁྱིམ་དེ་ཡི་དགུན་ཟླ་ར་བའི་ཚེས་བཅོ་བརྒྱད་ཀྱི་ནུབ་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་ཞལ་མཐོང་ཚེ་ཕྱག་མགོ་ཐོག་ཏུ་བཞག་ནས་བུ་ཁྱོད་ཀྱི་རྩ་སྒོ་ཕྱེ་བའི་ཐབས་སུ་འཇམ་དཔལ་སྨྲ་བའི་སེང་གེའི་བསྒོམ་བཟླས་དང་འཇམ་དཔལ་མཚན་བརྗོད་ལ་འབད་པ་ཐོན་ན་ཤེས་རབ་དང་ཡེ་ཤེས་ཀྱི་རྩ་སྒོ་ཕྱེས་ནས་ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཀློང་རྡོལ་བར་ངེས་པས་དེ་ལུགས་མ་བརྗེད་པར་སེམས་ལ་ཞོག་ཅིག ཅེས་ཟེར་བའི་ལན་དུ་བདག་གིས་འདི་སྐད་སྨྲས་སོ། ཀྱཻ། མ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་ཁྱེད་ཀྱི་གསུང་བཞིན་དུ་བདག་གིས་ངེས་པར་བསྒྲུབ་ལེགས་སོ་ཞུས་ཚེ་མི་སྣང་བར་ཡལ་ལོ།   

དགུང་ལོ།༡༦

                                     དེ་ནས་ལོ་གྲངས་བཅུ་དྲུག་ཁྱི་ཡི་ལོ་དབྱར་ཟླ་ཐ་ཆུང་གི་ཚེས་བཅུའི་ནུབ་མོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡིན་སྐད་པའི་བུ་མོ་གཟུགས་བྱད་མཛེས་ཤིང་རྒྱན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པ་ཞིག་ན་རེ། ཀྱཻ་ཧོ། ང་ནི་ཡེ་ཤེས་མཁའ་འགྲོ་སྟེ༎ མི་མོའི་གཟུགས་སུ་སྟོན་པ་ནི༎ ཁྱོད་ཀྱི་མིག་ལ་ངོམ་ཕྱིར་རོ༎ ཡུལ་འདིའི་འདྲེན་སྟོན་འཇིགས་མེད་པ༎ པདྨ་འབྱུང་གནས་ཕྲིན་ལས་གར༎ དེ་ལ་བསྟེན་ནས་ལོ་ཁྱིམ་འདིར༎ སྔོན་འགྲོའི་ཆོ་ག་ཉམས་སུ་ལོངས༎ དངོས་གྲུབ་པྲ་ལྟས་ལེགས་པར་འབྱུང་༎ སྔོན་ནས་ལས་འབྲེལ་བླ་མ་ལགས༎ མ་བརྗེད་སེམས་ལ་ཞོག་ཅིག་བུ༎ ཞེས་གསུངས་ཤིང་མི་སྣང་བར་ཡལ་ལོ། ལོ་ཁྱིམ་དེ་ཡི་དགུན་ཟླ་འབྲིང་པོའི་ཚེས་གཅིག་ལ་བླ་མའི་དྲུང་དུ་ཕྱིན་ནས་གྲོགས་བཅོ་ལྔ་དང་ལྷན་ཅིག་ཏུ་སྔོན་འགྲོའི་ཟླ་ཆོས་ལ་ཞུགས་ཚེ། ཚེས་བཅོ་ལྔའི་ནུབ་བླ་མའི་མདུན་སར་ཕེབས་པའི་སྣང་བ་ཤར་ཚེ་བླ་མའི་མདུན་ཐད་ཀྱི་ནམ་མཁར་གྲུབ་བཞི་ཙམ་འཕགས་པའི་སྟེང་དུ་མི་སེར་པོ་དར་སྣ་ཚོགས་ཀྱིས་བརྒྱན་པ་སེང་གེ་དཀར་མོའི་སྟེང་དུ་རྒྱལ་པོ་རོལ་པའི་སྟབས་སུ་འགྱིང་བ་གཡས་རྒྱལ་མཚན་དང་གཡོན་པས་ནཻའུ་ལེ་བསྣམས་པ་འོད་དང་འོད་ཟེར་འབར་བའི་ཞབས་ཀྱི་ཐེབ་རྩེ་ནས་འོ་མའི་རྒྱུན་ན་ར་ར་ཟངས་མོ་ཆེའི་སྣོད་དུ་བབས་པ་ལས། བླ་མའི་ཞལ་ནས་འོ་མ་དེ་འཐུང་ཞེས་གསུངས་པའི་བཀའ་བཞིན་དུ་འོ་མ་དེ་མང་དུ་འཐུང་བས་ལུས་སེམས་ཐམས་ཅད་བདེ་ཀྱི་ལེ་བའི་ཉམས་ཤིག་ཤར་རོ།། དེའི་ཚེ་བླ་མའི་ཞལ་ནས་ཐུན་མོང་གི་དངོས་གྲུབ་ཐོབ་ཟིན་པ་ཡིན། ཞེས་གསུངས་ནས་བླ་མ་དང་ལྷ་གཉིས་དབྱིངས་སུ་ཡལ་ལོ།   

                                     ༈གྲུབ་པའི་བྱིན་ལྡན་རིག་པ་འཛིན་རྣམས་དང་༎ ཡེ་ཤེས་ལྷ་དང་བསྟན་སྲུང་རྒྱ་མཚོ་ཡིས༎ སྐུ་དང་གསུང་གི་སྣང་བས་དབུགས་དབྱུང་ཞིང་༎ ཐུགས་ཀྱིས་བྱིན་རླབས་སྣ་ཚོགས་བརྡ་ཐབས་ལས༎ འབྱམས་ཀླས་དག་པའི་སྣང་བ་འཆར་བའི་གཞི༎ ཡེ་རིག་གདོད་མའི་སངས་རྒྱས་རང་ཞལ་དེ༎ མ་བསྩལ་རང་ལ་གནས་པའི་ཚུལ་དུ་མཇལ༎ དག་མཉམ་དབྱིངས་སུ་གནོད་བྱེད་མིང་མེད་ཀྱང་༎ མ་དག་འཆར་སྒོ་འགག་མེད་རྟེན་འབྱུང་གིས༎ བར་ཆད་མཚན་མའི་རྫུན་རིས་མང་བྱུང་བ༎ ངང་མདངས་གཉེན་པོར་ཤར་བའི་ལྷ་ཚོགས་ཀྱིས༎ ཕམ་བྱས་སྒྱུ་མའི་རྩེ་འཇོ་ཅིར་ཡང་མཐོང་༎

དགུང་ལོ།༡༧

                                         རྨི་ལམ་ན་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་དག་དང་དཔའ་བོའི་ཚོགས་ཀྱིས་སྔོན་འགྲོའི་ཆོས་བཤད་པ་ལ་བརྟེན་ནས་ཐོགས་པ་མེད་པར་འཆད་ཤེས་པ་བྱུང་། ལོ་ཁྱིམ་ཕྱི་མ་ཕག་གི་ལོ་རང་ལོ་བཅུ་བདུན་ལ་བབས་ཚེ་དབྱར་ཟླ་ར་བའི་ཚེས་བདུན་ནས་ད་ནི་སྒོམ་ཞེས་བྱ་བ་ཞིག་མཐོང་ཚོར་གྱི་རྣམ་པར་འབྱུང་དུ་རེ་ནས་རྒྱབ་རྡོ་ལ་གཏད་ཅིང་ལུས་དྲང་པོར་བསྲིང་ནས་གཡོ་འགུལ་དང་བྲལ་བར་འདུག་པའི་ཚེ་ཞག་བདུན་གྱི་ཐ་མ་གཉིད་དུ་སོང་བའི་མོད་ལ། བྱིས་པ་གཅེར་བུ་མཐོ་གང་བ་ཞིག་གིས་རྩ་འཇག་དང་མེ་ཏོག་གི་སྟེང་དུ་མཆོང་རྒྱུག་བྱེད་ཅིང་ཡོད་པའི་མཐར་མིག་འབྲུ་ཚུགས་སུ་བདག་ལ་བལྟས་ནས། ལུས་ནི་གྲོང་ཁྱིམ་སྟོང་བ་ལྟ་བུ་ལ།། ངག་ནི་སེམས་ཀྱིས་བྱས་པའི་བྱེད་ལས་སོ༎ སེམས་ནི་སྣ་ཚོགས་བྱེད་པའི་ཀུན་བྱེད་དོ༎ ཞེས་ཟེར་བའི་ལན་དུ་བུ་མོ་ཆུང་ངུ་ཞིག་བྱུང་ནས། ཨ་རེ་ཙ། ལུས་ནི་ཤོག་སྦུབས་སྟོང་བ་ལྟ་བུ་ལ༎ ངག་ནི་སྦུ་གུར་རླུང་རྒྱུ་ལྟ་བུ་སྟེ༎ སེམས་ནི་སྣ་ཚོགས་བྱེད་པའི་མཁན་པོ་སྟེ༎ དེ་གསུམ་ནང་ནས་གཙོ་བོ་ངོས་འཛིན་ལས༎ སྒོམ་ཞེས་མཐོང་ཚོར་འབྱུང་སྒྱུར་སྒུག་པ་མཚར༎ ཞེས་ཟེར་ལྷག་ལྷག་རྒོད་པའི་སྒྲ་ཡིས་སད་ཚེ་བརྟགས་པས། ལུས་སེམས་ཀྱིས་བཟོས། ལུས་སྣང་བས་ངག་གིས་སྨྲ་བ་བརྗོད་པའི་སྣང་བ་ཤར། ལུས་མེད་པ་ལ་ལུས་སུ་སྣང་ཙམ་བྱུང་བའང་སེམས། ངག་མེད་པ་ལ་སྨྲ་བརྗོད་ཀྱི་སྣང་བ་ཤར་བ་ཡང་སེམས། དོན་ལ་སེམས་ལས་མེད་པར་ཐག་ཆོད་པས་བྱིས་པའི་བཤད་པའང་གསུམ་དུ་སོང་བས་དེ་ལྟར་མ་ལགས་པར་བསམ་པའི་མོད་ལ། ཡང་དམར་ཤར་ཞེས་བྱ་བའི་བྲག་ལ་རྒྱབ་གཏད་ནས་སེམས་ཤིང་བུ་ལ་གཏད་པའི་མོད་ལ་རྒྱབ་ཀྱི་བྲག་གི་ངོས་ཤིག་ནས་བྱེའུ་དམར་པོ་ཞིག་གིས་སྐད་སྙན་པའི་ངག་གིས་འདི་སྐད་ཟེར། ང་བྱིས་པའི་རྫུན་ཚིག་མ་ཡིན་ཞིང་༎ དུས་དེང་སང་སློབ་དཔོན་འགའ་ཞིག་གིས༎ སྒོ་མེད་པའི་སྒོམ་གསུམ་སྣང་ཙམ་གྱི༎ དོན་མི་ཤེས་གསུམ་དུ་བརྟག་པ་འཆད༎ ངས་དེ་ཕྱིར་དེ་དང་མཐུན་པར་བཤད༎ ཁྱོད་སྒོ་གསུམ་དབྱེར་མེད་སྣང་ཙམ་དུ༎ ཐག་ཆོད་པའི་རྟོགས་པ་ཨ་ལ་ལ༎ འོ་དེ་ཡིན་རྡོ་རྗེ་གསུམ་གྱི་ངང་༎ དབྱེར་མེད་དུ་རྫོགས་པ་ཁྱོད་རེ་བདེན༎ ད་སྒོ་གསུམ་སེམས་སུ་རྟོགས་ནའང་༎ སེམས་ཞེས་བྱའི་ཀུན་བྱེད་མཁན་པོ་དེ༎ གཟུགས་དབྱིབས་དང་ཁ་དོག་ཇི་ལྟར་འདུག། ཚུལ་ཤེས་ན་དཔྱོད་ལྡན་ཁྱོད་ལ་ཟེར༎ ཞེས་ཟེར་ཞིང་འཕུར་སོང་། དེ་ནས་ཡང་བྲག་དེ་ལ་རྒྱབ་གཏད་ནས་འདུག་པ་ན། རེ་ཞིག་གི་ཚེ་ནམ་མཁའ་སྟོང་བའི་དབྱིངས་ནས་སྒྲ་འདི་སྐད་ཅེས་གྲགས་སོ། སེམས་ཉིད་སྟོང་བ་ཉིད་དོ། སྟོང་བ་ཉིད་ལ་གཟུགས་ཁ་དོག་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། ཞེས་པ་ལ་བློས་གཞིགས་ཤིག ཅེས་ཟེར་བ་ལ་བློས་གཞིགས་ཤིང་ཡིད་ཀྱིས་དཔྱད་བཏང་བས་ཡུལ་མེད་སྟོང་ཁྱབ་ཀྱི་ངོ་བོར་མཐོང་ཞིང་ཤེས་སོ། ཤེས་ཀྱང་སྒོམ་ཚུལ་ཇི་ལྟར་ཡིན་པ་སེམས་ཀྱི་གཏད་སོ་མེད་པར་ཡོད་པའི་གནས་སྐབས་ཤིག་ན། ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུའི་ནུབ་སྔར་གྱི་ཁྲག་གི་ཆུ་ཀློང་ཆེན་པོ་དེ་འོད་མཐིང་ནག་ཆུ་ཀློང་དྲག་པོ་ལྟ་བུར་བདག་གི་སེམས་ནམ་མཁར་གྱུར་པའི་ཀློང་ནས་འབབ་པ་ལ་སྣང་བ་ཐམས་ཅད་ཐིམ་འགྲོ་བའི་ཉམས་ཤིག་ཤར། དེ་ནས་རེ་ཞིག་གི་ཚེ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཡིན་སྐད་པའི་གཞོན་ནུ་སྔོན་པོ་གོས་སྔོན་གྱོན་པ་ཞིག་གིས་ཁྱོད་ཀྱི་ཉམས་སྣང་འདི་ལ་ངོ་མཚར་རམ་ཟེར་བའི་ལན་དུ་ངས་འདི་ལྟར་སྨྲས། སྣང་ཉམས་འདི་དང་པོ་ཁྲག་ཏུ་སྣང་ནས་འཇིགས་སྐྲག་ཤར། བར་དུ་མུན་པ་ནག་པོར་སྣང་ནས་སེམས་ཨ་ཐང་ཆད། ཐ་མ་འཇའ་རུ་སྣང་། ད་ལྟ་འོད་མཐིང་ཆུ་ཀློང་འབབ་པ་ལྟ་བུར་སྣང་བ་འདིའི་ངང་ཚུལ་ལ་བརྟག་ན་སྣང་བ་སྣ་ཚོགས་སུ་སྣང་བ་འདི་དག་ཐམས་ཅད་ནམ་མཁའ་ལས་མེད་དེ། ནམ་མཁའ་གཅིག་པུ་ལ་སྣང་ཚུལ་ཡོད་པ་ནི་དཔེར་ན་ནམ་མཁའ་ཉིད་འཇའ་རུ་སྣང་བ་དང་། ཆུ་རུ་སྣང་བ་ཆུ་ལས་ངོ་བོ་མི་གཞན་པའི་གཟུགས་བརྙན་སྣང་བ་དང་འདྲའོ་སྙམ་གྱི། དེས་ན་བདག་གཞན་སྣང་བ་ཐམས་ཅད་ནམ་མཁའ་ལས་གཞན་མེད་པར་སྙམ་གྱི། ནམ་མཁའ་ནི་སྟོང་ཧད་སྐྱོན་ཡོན་མེད་པ་ཞིག་ཡིན་འདུག་པས་ཅི་འདྲ་ཡིན། སེམས་ཞེས་བྱ་བ་འདི་དཔེར་ན་མེ་ཞིག་མེད་ན་མེ་སྟག་མི་འབྱུང་བ་དང་། ཆུ་ཞིག་མེད་ན་ཆུ་སྒྲ་མི་འབྱུང་བ་དང་། ཆུ་ཡི་གཟའ་སྐར་གཟུགས་བརྙན་ཀྱང་མི་སྣང་བ་ལྟར། སེམས་ལ་གཞི་ཞིག་མེད་ན་སྣང་བ་དང་རྣམ་པར་རྟོག་པ་འཆར་དོན་མེད་ཀྱི། སེམས་འདི་ལུས་ལ་ཡོད་ན་ནི་ཕྱི་ནང་དོན་མེད་ཀྱི། རྨི་ལམ་གྱི་སྣང་བ་ས་རྡོ་རི་བྲག་སྲ་འཐས་སུའང་ཅི་ལ་སྣང་། ནངས་པར་ཡུལ་མེད་དུ་ཡལ་བ་དེ་ལ་བརྟག་ན་སེམས་ཀྱི་ཀློང་དུ་སེམས་ཉིད་སྣང་བ་རེད་སྙམ་གྱི་ཞེས་ཞུས་ཚེ། ལྟ་བ་ནི་ཧ་ལམ་པ་ཞིག་རྟོགས་ཡོད་པ་རེད་དང་། ཉམས་ལེན་སྒོམ་པ་ཤོད་དང་ཟེར་བ་ལ་བདག་གིས་འདི་སྐད་སྨྲས། བསྒོམ་མི་ཤེས་པས་ཁྱོད་ཀྱིས་ང་ལ་སྒོམ་པ་ཤོད་དང་སྨྲས་པས། འོ་རིགས་ཀྱི་བུ་སྒོམ་པ་ལ་བཤད་པ་མང་པོ་ཞིག་ཡོད་དེ། སློབ་དཔོན་རེ་རེ་བཞིན་ཁྲིད་ཐབས་རེ་ཡོད་ཀྱི། ལ་ལས་ནི་རྣམ་རྟོག་འདི་འགོག་དགོས་ཟེར་ནས་སློབ། ལ་ལས་ནི་རྣམ་རྟོག་འདི་ལ་བལྟས་ནས་རིག་དགོས་ཟེར། ལ་ལས་རྣམ་རྟོག་འཚོ་སྐྱོང་བྱེད་ནས་ངན་པ་བཅོས་དགོས་ཞེས་འཆད། ལ་ལས་སེམས་དང་ནམ་མཁའ་བསྲེ་དགོས་ཞེས་བཤད་དེ། སེམས་རང་བཞིན་པ་ལྟར་མ་བཞག་པའི་སྐྱོན་གྱིས་བདེ་སྡུག་ན་ཚ་འབྱུང་བ་ལ་ཡ་མཚན་དུ་བརྗོད། ལ་ལས་ནི་སྟོང་བའོ་ཞེས་ཡིད་ཤེས་ཀྱི་འཛིན་པ་ཕྲ་མོ་ཡོད་དགོས་ཟེར་བ་མང་སྟེ། དེ་དག་ལ་མིང་ཇི་ལྟར་བཏགས་ཀྱང་ཡང་དག་པའི་ལམ་ནི་མིན་ངེས་སོ། ཡང་དག་པའི་ལམ་དུ་འཇུག་པར་འདོད་ན་ཡང་དག་པའི་ཞིང་། མར་མ་དག་པ་འཁོར་བའི་སྣོད་བཅུད་ཐམས་ཅད་ཆོས་ཉིད་ནམ་མཁའ་ལྟ་བུར་རོ་གཅིག་པའི་ངང་ཤེས་ན་ནི་ནམ་མཁའ་མངོན་དུ་གྱུར་པ་ཡིན་པས་དེའི་ངང་དུ་ཞོག་ལ་མ་ཡེངས་ཤིག མ་ཡེངས་ཞེས་བྱ་བ་ནི་གཏད་མེད་ངང་འཛིན་མེད། བསྒོམ་མེད་དང་བལྟར་མེད། འཚོ་མེད་དང་སྐྱོང་མེད་ཞིག་ཡིན། སྨྲ་བརྗོད་དང་བྲལ་བ་ཞིག་ཡིན། སྔར་ཇི་ལྟ་བུར་རང་ཁར་རྒྱ་ཡན་པ་ཞིག་ཡིན་གསུངས། དེ་ལ་བདག་གིས་རྣམ་རྟོག་འདི་ཇི་ལྟར་བྱེད་ཅེས་དྲིས་པས། གཞོན་ནུ་ན་རེ་རྣམ་རྟོག་ནི་རིག་མི་རུང་བལྟ་མི་རུང་། གོ་ཚོར་མྱོང་ཞེན་མེད་པར་རང་ཁར་ཡན་པ་ཡིན་པས་ཤེས་པར་གྱིས་ཤིག་ཅེས་ཟེར་བ་ལ། བདག་གིས་ནམ་མཁའ་མིག་གིས་མཐོང་བ་ཡིན་ནམ་ཞེས་སྨྲས་པ་དང་། མ་བལྟས་རང་བབས་སུ་མཐོང་བ་དེ་ཡིན་ཞེས་ཟེར། བདག་གིས་ཀྱང་འདི་ལྟར་མིག་གིས་མཐོང་བ་མ་ལགས་ཏེ། སེམས་ཀྱིས་སེམས་མ་མཐོང་ན་ནམ་མཁའ་མངོན་དུ་གྱུར་བས་ཅི་ལ་ཕན་ལགས་དྲིས་པའི་ལན་དུ་འདི་སྐད་ཟེར། སེམས་ཀྱིས་སེམས་ལ་བལྟ་བ་ནི་བལྟ་མཁན་བལྟ་ས་གཉིས་སུ་ཡོད་པས་ཤེས་པས་རྣམ་རྟོག་ལ་བལྟ་བ་མི་རྒན་གྱིས་བྱིས་པའི་རྩེད་མོ་ལ་བལྟ་བ་དོན་མེད་པ་དང་མཚུངས་པ་ཡིན། འཁོར་འདས་ཐམས་ཅད་ནམ་མཁའ་ཉིད་ལས་མི་གཞན་པར་ནམ་མཁའ་ཉིད་དུ་རོ་གཅིག་པའི་ངང་ཚུལ་ཤེས་ཕན་ཆད་ནམ་མཁའ་མིག་གིས་མ་བོར་བ་ཙམ་གྱིས་ཆོག་པའི་དོན་ནི་ཡེ་གནས་ཀྱི་ཤེས་པ་དེ་མིག་ཤེས་སུ་སྣང་ཞིང་མིག་དེ་ཤེས་པ་དེ་ལས་ངོ་བོ་གཞན་མེད་པའི་ཚུལ། ཤི་བའི་རོ་ལ་གཟུགས་སྣང་བའི་མིག་མེད། རྨི་ལམ་ལའང་མིག་མེད་པ་ལས་གཟུགས་སྣང་མངོན་དུ་བྱེད། བར་དོ་བ་ལ་ཡང་མིག་མེད་དེ་གཟུགས་སྣང་མངོན་དུ་བྱེད་པ་དེས་ཤེས། ཡེ་གནས་ཀྱི་ཤེས་པ་ཡིན་ཞེས་ཟེར། སེམས་ཅན་ཐམས་ཅད་ཀྱི་གཞི་མངོན་དུ་མ་གྱུར་བས་འཁྲུལ་བ་ཡིན་པ་ལས། དེ་ལས་གཞན་པའི་རྣམ་རྟོག་མ་རིག་པས་འཁྲུལ་བ་ནི་མ་ཡིན་པའི་ཚུལ། སེམས་ཅན་ཐམས་ཅད་ཀྱིས་རྣམ་པར་རྟོག་པ་མངོན་ཞིང་རྗེས་སུ་ཞེན་པ་ཡིན་པའི་ཚུལ་ལ་ལྟོས་ཤིག དེས་ན་རྣམ་པར་རྟོག་པ་ནི་བསྐྱུར་བྱ་ཡིན། སེམས་ཅན་ཐམས་ཅད་ཀྱི་གཞི་མངོན་དུ་མ་གྱུར་བས་འཁྲུལ་པ་ཡིན་ཕྱིར། ད་ནི་འཁོར་བ་དང་འདས་པའི་ཆོས་རྣམས་ཐམས་ཅད་ནམ་མཁའི་རང་བཞིན་ལས་མ་འདས་པར་ངེས་ཤིང་གཏིང་ནས་འདྲོངས་པ་ཞིག་བྱུང་ཕན་ཆད་ནམ་མཁའ་རྣམ་པར་དག་པ་ཞེས་བྱ་བ་ཡིན་ཏེ་དུས་གསུམ་མངོན་དུ་གྱུར་བ་ལས་འདའ་མི་རུང་སྟེ། འདི་ལ་གོམ་འདྲིས་ཀྱིས་གནད་ཐེང་ན་མཐར་ཆོས་ཉིད་སྤྲོས་མཐའ་བྲལ་བའི་དབྱིངས་མངོན་དུ་གྱུར་བ་ནི་དཔེར་ན་ནམ་ལངས་ཚེ་མུན་པ་མེད་པ་ལྟ་བུར་སྒོམ་སྒྲུབ་འབད་རྩོལ་དང་བྲལ་བ་ཞིག་གི་ཐོག་ཏུ་ཕེབས་པར་འགྱུར་ངེས་སོ། ཞེས་གསུངས་ཤིང་མི་སྣང་བར་ཡལ་ལོ། དུས་སྐབས་དེ་ནས་བཟུང་སྟེ་བདག་གིས་ནམ་མཁའ་མིག་གིས་མ་བོར་ཙམ་ལ་ལམ་བྱས་ནས་རྩེ་གཅིག་ཏུ་ཉམས་སུ་བླང་བས་ཆོས་ཉིད་ཕྱོགས་མཐའ་དང་བྲལ་བའི་དབྱིངས་ཐོག་ཏུ་ཕེབས་ནས་རྟོག་པ་ཀློང་རྡོལ་བ་ཡིན།  

                                         ༈འཁོར་འདས་གང་ལ་ཆོས་ཀུན་ཡོངས་སྣང་ཞིང་༎ སྤྲོས་པའི་ཆོས་སོ་ཅོག་དང་རྣམ་བྲལ་བ༎ གདོད་མའི་གཞི་དབྱིངས་ནམ་མཁའི་ངོ་བོ་ཉིད༎ ནམ་མཁའ་ཉིད་ལས་གཞན་གྱི་དཔེས་མི་མཚོན༎ བདེ་བར་གཤེགས་པས་ཤེར་ཕྱོགས་མདོ་ལས་ཀྱང་༎ ཤེས་རབ་ཕ་རོལ་ཕྱིན་ལ་རྣམ་འབྱོར་དུ༎ བྱེད་ན་ནམ་མཁའ་རྣམ་འབྱོར་བྱེད་དེ་ཞེས༎ གསུངས་བའི་དོན་ནི་མཐར་ཐུག་དགོངས་པའི་རིགས༎ ཇི་ལྟར་ཕྱི་རོལ་ཇི་བཞིན་ནང་དེ་བཞིན༎ ཕྱི་ནང་གང་ཡིན་ནང་གི་རང་གདངས་སྟེ༎ ནང་གདངས་གང་ཡིན་ཕྱི་རོལ་ལྟ་བུར་མངོན༎ ཐ་དད་ཆོས་སུ་མིང་བརྡས་སྒྲོ་རུ་བཏགས༎ སྨྲ་བསམ་བརྗོད་མེད་བརྗོད་པའི་ཚུལ་བྱས་ཤིང་༎ མཚོན་མེད་དོན་དེ་མཚོན་པས་ཡོངས་མཚོན་པ༎ དུས་གསུམ་རྒྱལ་རྣམས་ཐབས་ལ་མཁས་ཚུལ་ཏེ༎ དོན་དམ་དབྱིངས་ལ་དཀྲི་བའི་འཇུག་སྒོ་ལགས༎ ཡེ་རིག་ཡུལ་འཛིན་ཤེས་པར་འཕོས་པ་ལ༎ རིག་རྩལ་ཤེས་རབ་ཆེན་པོས་རྒྱས་ཐེབ་ན༎ མིག་དབྱིངས་ཀ་ཏི་ཤེལ་གྱི་གསང་ལམ་ནས༎ ཕྱི་ནང་དབྱེར་མེད་སྟོང་པའི་དེ་ཉིད་རིག། ཐེག་མཆོག་རྒྱལ་པོའི་གཏམ་གྱི་སེང་གེའི་སྒྲས༎ བློ་དམན་རི་དྭགས་ཚོགས་རྣམས་སྐྲག་བྱེད་དེ༎ ཤིན་ཏུ་ཟབ་པར་གྱུར་བའི་ཆོས་ཚུལ་ལ༎ ཕལ་གྱིས་བརྒྱུད་མར་རྒོལ་བ་ཆོས་ཉིད་ཡིན༎ ནང་གི་དམ་པ་ཡེ་གནས་ཆོས་སྐུ་དེ།། རང་གི་ཡེ་ཤེས་མིག་གིས་མཐོང་བ་ལས༎ གཞན་པའི་དོན་གྱི་ཐབས་ཚུལ་འགའ་མཆིས་ན༎ ཟབ་ཞི་སྤྲོས་བྲལ་རྟོགས་དཀར་གསུངས་པ་ཅི།    

དགུང་ལོ།༡༨

                                             ལོ་ཁྱིམ་བཅོ་བརྒྱད་ལ་བབས་པའི་ཚེ་དབྱར་ཟླ་འབྲིང་པོའི་ཚེས་བཅུའི་ཉིན་པར་དགུང་ཐུན་གྱི་མཚམས་སུ་ཟོ་ལག་བཟུང་སྟེ་ཆུ་ལེན་དུ་ཕྱིན་པའི་ལམ་དུ་ནམ་མཁའ་ནས་གཏོར་མ་ཞིག་ཟོ་ལག་གི་ནང་དུ་ལྷུང་བྱུང་བས་ནམ་མཁའ་རུ་གྱེན་དུ་བལྟས་པས་བྱ་རོག་ཞིག་འཕུར་འདུག་པ་མཐོང་སྟེ་དེས་འཕང་བར་ཤེས་ཀྱང་དངོས་གྲུབ་ཀྱི་པྲ་ལྟས་སུ་ཤེས་ནས་དངོས་གྲུབ་བླང་ནས་གནས་གསུམ་དུ་གཏུག་ནས་ཟོས་སོ། དེ་ཡི་ནུབ་མཁའ་འགྲོ་མ་གསལ་ཁྱབ་དབང་མོ་ཡིན་ཞེས་ཟེར་བའི་བུ་མོ་ཞིག་ན་རེ། ཁར་སང་གི་གཏོར་མ་དེ་ནི་བལ་ཡུལ་ཤིང་ཀུན་གྱི་བལ་པོ་སུ་ཀ་ཤྲཱི་ཞེས་བྱ་བའི་བསྒྲུབ་གཏོར་མགོན་པོ་བྱ་རོག་གདོང་ཅན་ལ་མཁའ་འགྲོ་རྡོ་རྗེ་ཕག་མོས་བསྐུར་བ་ཡིན་ཏེ་ཐུན་མོང་གི་དངོས་གྲུབ་ངེས་པར་ཐོབ་ཟིན་པ་ཡིན་པས་ཁྱོད་དགའ་བར་གྱིས་ཤིག་ཟེར་ཞིང་མི་སྣང་བར་ཡལ་ལོ།   

                                             ལོ་ཁྱིམ་དེའི་དགུན་ཟླ་ར་བའི་ཚེས་བཅུའི་ཉིན་ཕྱུགས་རྫི་ལ་ཕྱིན་པའི་ལམ་ཁ་ཞིག་ཏུ་རྡོ་ཡི་རིལ་བུ་ཡུངས་འབྲུ་ཙམ་དགུ་རྡོ་ཕ་འོང་ཞིག་གི་ཐོག་ཏུ་སྔོ་ཧྲིལ་ལེ་འདུག་པ་མཐོང་བའི་མོད་ལ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིངྔྷི་ཕ་ལ་ཧོ། ཞེས་པས་གནས་ལྔར་གཏུག་བཞིན་དུ་རོལ་བར་བྱས། ནུབ་མོ་མཁའ་འགྲོ་མ་ནམ་མཁའི་དབྱིངས་ཕྱུག་མ་ཡིན་ཟེར་བ་ཞིག་གིས་འདི་སྐད་ཟེར། ཡེ་ཡེ། ཨ་མའི་བུ་ཆུང་ཉོན་ཅིག ཐེག་པའི་རྣམ་གྲངས་དུ་མ༎ དོན་ཀུན་འདུས་པའི་ཀློང་མཛོད༎ དེ་དག་རྫོགས་པ་ཆེན་པོ༎ ཐིག་ལེ་དགུ་རུ་སྣང་བ༎ ཁྱོད་ལ་ཨ་མས་གནང་ཡོད༎ དངོས་གྲུབ་ངེས་པར་ཤེས་པའི༎ བུ་ཆུང་ཤེས་རབ་ཅན་ཁྱོད༎ ད་ནི་མཆོག་གི་དངོས་གྲུབ༎ ངེས་པར་ཐོབ་པ་དེ་ཡིན༎ ད་ནི་བསྒོམ་པ་ཟབ་མོ༎ གནད་དུ་བསྣུན་པར་ནུས་ན༎ དགོངས་པ་ཀློང་དུ་རྡོལ་བའི༎ དགོངས་གཏེར་སྐོར་གསུམ་རྡོལ་ནས༎ འགྲོ་དོན་རྒྱ་ཆེར་འགྲུབ་འོང་༎ ཞེས་ཟེར་ཞིང་མི་སྣང་བར་ཡལ་ལོ།    

                                             ཡང་ལོ་ཁྱིམ་དེ་ཡི་དགུ་ཟླ་ཐ་ཆུང་གི་ཚེས་བཅོ་ལྔའི་ཉིན་སྦྱིན་བདག་མགོན་བསྟན་ཞེས་བྱ་བའི་ཀློག་འདོན་དུ་ཡོད་པའི་སྐབས་སུ་བུད་མེད་རྒན་མོ་ཞིག་གིས་ཁྱོད་ལ་ཟས་འདི་སྦྱིན་གྱིས་ལྷག་མེད་དུ་རོལ་ཅིག་ཅེས་ཟེར་ནས་གྲོ་མ་སྤར་གང་སྦྱིན་བྱུང་བ་བདག་གི་ཁ་རུ་བླུག་ཆས་བྱེད་དུ་ཡོད་པའི་གནས་སྐབས་སུ། མི་དམར་རྟ་དམར་ལ་ཞོན་པ་ཞིག་གིས་མདུང་དར་གྱིས་ང་རང་གི་ལག་སྐེ་རུ་བརྒྱབ་པས་ཐར་གྱིས་འཐོར་བ་ལ་བདག་ཞེ་སྡང་སྐྱེས་ཏེ། ཁྱོད་ཀྱིས་ཅི་ཞིག་ཡིན་ཞེས་ང་རོའི་སྐད་ཀྱིས་དྲིས་པའི་ལན་དུ། ཁོ་ན་རེ། མོ་འདྲེས་ནད་ཀྱི་ས་བོན་འདེབས་པ་ཡིན་པས་ཟ་ཨེ་སྲིད་ཅེས་ཟེར། བདག་གིས་དེ་ལ་ཁྱོད་སུ་ཡིན་དྲིས་ཚེ། ང་ནི་བཙན་རྒྱལ་སྲོག་ལེན་དམར་པོ་ཡིན། ཁྱོད་ཀྱི་བར་ཆད་སེལ་བའི་ལས་བྱེད་ཡིན་གསུངས་སོ། ངས་ཁྱོད་མཆོད་ན་ཇི་ལྟར་འདོན་ཞེས་པའི་ལན་དུ། ང་དམ་མ་བསྒྲགས་པར་བོས་ན་འོང་བའི་སྐབས་མེད། དེ་ཕྱིར་འདི་ལྟར་དམ་སྒྲོགས་ལ་བོས། ཏྲིཿཞེས་སྲོག་གི་བཟུང་ལ། དད་པ་དང་ནི་དམ་ཚིག་གཉེན་པོ་ཡིས༎ གནོད་སྦྱིན་བཙན་རྒྱལ་འཁོར་བཅས་འདིར་གཤེགས་ཤིག། གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་༎ ཅི་འདོད་བསམ་དོན་འགྲུབ་པའི་ཕྲིན་ལས་མཛོད༎ ཅེས་བརྗོད་ན་ང་གནས་ནས་སླེབས་འོང་ཞེས་ཟེར་ནས་ཉི་མ་ནུབ་ཕྱོགས་སུ་དམར་ཤར་གྱིས་ནུབ་སོང་ངོ་།    

དགུང་ལོ།༡༩

   

 

    དེ་ནས་ལོ་ཁྱིམ་བཅུ་དགུ་ལ་བབས་པའི་ཚེ་བྲག་ལུང་ཞེས་བྱ་བའི་བྲག་ནང་དུ་སོང་ཚེ་བྲག་གི་ནང་ནས་བུད་མེད་ན་སོ་རྒན་སོང་ཞིག་བྱུང་ནས་ཁྱོད་གར་འགྲོ་ཅི་བྱུང་ཟེར་བའི་ལན་དུ་ངས་འདི་སྐད་སྨྲས། ང་འདི་རུ་ཐུན་ཞིག་བཅད་ནས་འདུག་འདོད་པ་ཡིན། ཁྱོད་སུ་ཡིན་དྲིས་པས་བུད་མེད་དེ་ན་རེ། ང་ནི་གནས་འདིའི་བདག་མོ་བཙན་སྲོག་རྔམ་ཅན་གྱི་བུད་མེད་ཡིན། ཁྱོད་འདི་ནས་འདུག་ན་ངས་ཁྱོད་གསོད་ངེས་པ་ཡིན། ཞེས་ཟེར་ནས་རྒྱབ་ཏུ་མཛུབ་ཚུགས་བྱས་ཏེ་ཕ་ཀི་ནི་ཁྱོད་འཆི་ལྟས་རེད་ཟེར། བདག་གིས་ཕྱིར་བལྟས་ཚེ་སྲེ་མོང་ཞིག་གིས་སྦྲུལ་རོ་ཞིག་དྲུད་ནས་འགྲོ་འདུག་པས་བདག་གི་བསམ་པ་ལ་ང་ཤི་ཡང་གསོད་མཁན་ནི་བུད་མེད་འདི་ཡིན་ངེས་པས་འདི་གསོད་དགོས་སྙམ་དུ་ལག་པ་ལ་བརྙབས་པས་ཡལ་སོང་། དེ་ནས་བདག་དེ་རུ་འདུག་ཅིང་མདོ་བཟློག་ལན་གསུམ་བྱས་ཚེ་བྲག་གི་ནང་ནས་བྲག་ཆ་ལྟར་སྒྲ་འདི་གྲགས་བྱུང་། དེ་རུ་འདུག་དང་ལྟས་ངན་བསྟན་པ་རྩེད་མོ་མིན་རེ་ཀན་ཅེས་ཟེར། ལོ་ཁྱིམ་དེ་ཡི་དགུན་ཟླ་འབྲིང་པོའི་ནང་དུ་འཇམ་དཔལ་སྨྲ་བའི་སེང་གེའི་བསྒོམ་བཟླས་ལ་ཞུགས་ཚེ་ཟླ་བ་གཅིག་ཙམ་སོང་བའི་མཐར་རིལ་བུ་རྣམས་འཕེལ་ཞིང་འཕུར་བྱུང་། དེ་ནུབ་འཇམ་དཔལ་གྱི་ཞལ་མཐོང་ནས་འདི་སྐད་གསུངས། བུ་ཁྱོད་ཀྱི་ཅི་འདོད་པ་ངས་སྦྱིན་ཟེར་བ་ལ་བདག་གིས་འདི་སྐད་སྨྲས་སོ། ངས་ཡི་གེ་མཁས་པ་ཞིག་འདོད་ཀྱི་ཞུས་པ་དང་། ཡི་གེ་ནི་མི་སྐྱ་འགས་ཀྱང་ཤེས་སྲིད་དེ་ཅི་བྱེད་ཅེས་ཟེར་བ་ལ། བདག་གིས་ཤེས་རབ་ཞིག་འདོད་ཀྱི་ཞུས་ཚེ། ཀྱཻ། རིགས་ཀྱི་བུ་ཁྱོད་ཚུར་གསོན་དང་༎ ཀློག་འདོན་མཁས་ཙམ་ཤེས་རབ་མིན༎ འདི་བསླབ་ཤེས་པ་ཐུནམོང་ཡིན༎ ཤེས་རབ་བྱ་བ་དེ་མ་ཡིན༎  ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་།། མངོན་གྱུར་སྟོང་ཉིད་དོན་རྟོགས་ན༎ ཤེས་རབ་དོན་གྱི་དམ་པ་ཡིན༎ ང་ཉིད་མི་གཡོའི་ངང་དུ་གནས༎ ཁྱབ་བརྡལ་ཆེན་པོར་སྤྲོས་དང་བྲལ༎ ང་ཉིད་གསལ་ཁྱབ་ཆེན་པོར་བརྡལ༎ ཆོས་ཉིད་ནམ་མཁའི་ཁོར་ཡུག་ལ༎ ཤེས་རབ་ཆེན་པོ་ཉི་མ་ཡིན༎ ལམ་འབྲས་ཆོས་རྣམས་ཐམས་ཅད་ཀུན༎ ཟད་མེད་ཀློང་ནས་རྡོལ་བའི་ཚེ༎ ང་ཉིད་སྙིང་ལ་ཞུགས་པ་ཡིན༎ འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན༎ རྨི་ལམ་སྒྱུ་མ་ལྟར་མཐོང་ཚེ༎ ང་ཡི་དགོངས་བརྒྱུད་འཕོས་པ་ཡིན༎ སེམས་སྣང་ནམ་མཁའི་རོལ་བ་རུ༎ ཆམ་བརྡལ་ཉིད་དུ་རྟོགས་པའི་ཚེ༎ ང་ཡི་དགོངས་པ་འཕོས་པ་ཡིན༎ ཤེས་རབ་ཆེན་པོའི་སྤྱན་ཡངས་པའི༎ ནམ་མཁའ་མངོན་དུ་གྱུར་བའི་ཚེ༎ ང་དང་གཉིས་སུ་མེད་པ་ཡིན༎ ཤེས་རབ་ཆེན་པོ་ཁྱོད་ལ་ཐོབ༎ ཡེ་ཤེས་མིག་ཀྱང་ཁྱོད་ཀྱིས་འཐོབ༎ ད་ནི་ང་དང་ཁྱོད་གཉིས་པོ༎ གཉིས་སུ་མེད་པའི་ངང་དུ་ཨ༎  ཞེས་ཟེར་ཞིང་སྒྲུབ་ཐབས་སྔགས་དང་བཅས་པ་གནང་ནས་སྙིང་གར་ཐིམ་པས་ཆོས་ཉིད་ཀྱི་ངང་དུ་ཡུན་ཅིག་འབྱམས་ཀླས་སོ།  

   

དགུང་ལོ།༢༠ 

ལོ་ཁྱིམ་ཉི་ཤུ་ལ་བབས་པའི་ཚེ་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་ཀྱི་ནུབ་རྨི་ལམ་ན་ཡུལ་ཡངས་པ་ཆེན་པོ་མེ་ཏོག་སྣ་ཚོགས་རྒྱས་པའི་ཚལ་ཞིག་ན་རིན་པོ་ཆེ་དུང་ལས་གྲུབ་པའི་མཆོད་རྟེན་ལ་མཁའ་འགྲོ་མ་མང་པོས་བཀུར་བསྟི་བྱེད་ཀྱིན་ཡོད་པའི་གནས་སུ་སླེབས་ཚེ་བུམ་པའི་ནང་དུ་བཅོམ་ལྡན་འདས་མགོན་པོ་མི་བསྐྱོད་པ་ཡིན་ཟེར་བའི་བླ་མ་ཆོས་གོས་རྣམ་པ་གསུམ་གྱིས་ཀླུབས་ཤིང་ཕྱག་གཉིས་ས་གནོན་དང་མཉམ་བཞག་མཛད་པ་ཞིག་ཞལ་ནས་ཅང་མི་གསུང་ཞིང་བཞུགས་པ་ལ། སྐུ་ལས་སྒྲ་བྲག་ཆ་ལྟ་བུར་རང་བྱུང་དུ་གྲགས་པ་ནི། ཨ་ཨེཿ།  འདུས་བྱས་ཆོས་རྣམས་ཐམས་ཅད་ཀུན༎ སྒྱུ་མ་སྒྱུ་མའི་རྫུན་རིས་མང་༎ སྒྱུ་མས་སྒྱུ་མཁན་བསླུས་པའི་དཔེ༎ སྨིག་རྒྱུ་རྒྱུ་རྐྱེན་འཚོགས་པའི་འཕྲུལ༎ སྨིག་མོས་ཆུ་རུ་རློམས་པའི་དཔེ༎ རྨི་ལམ་སྣང་བ་སྣ་ཚོགས་པ༎ རྨི་མཁན་དངོས་ཞེན་འཁྲུལ་བའི་དཔེ༎ གཟུགས་བརྙན་མཐོང་བ་མངོན་སུམ་ཡང་༎ འཆར་ཡུལ་ལས་ནི་གཞན་མ་གྲུབ༎ དྲི་ཟའི་གྲོང་ཁྱེར་ཆེན་པོ་ཡང་༎ རང་སྣང་ལས་ནི་གཞན་མ་གྲུབ༎ བྲག་ཆ་སྣང་བར་འགྱུར་བ་ཡང་༎ ཀི་སྒྲ་གཅིག་ལས་གཞན་མ་ཡིན༎ ཆུ་ལས་ཆུ་ཟླ་སྣང་ན་ཡང་༎ ཆུ་ཉིད་ལས་ནི་ཟླ་བ་མིན༎ ནམ་མཁའ་འཇའ་ཚོན་སྣང་བ་ཡང་༎ ནམ་མཁའ་ཉིད་ལས་གཞན་མ་གྲུབ༎ མིག་ལ་རབ་རིབ་སྣང་བ་དེ༎ མིག་སྐྱོན་ལས་ནི་གཞན་མ་ཡིན༎ མེ་ལས་མེ་འོད་སྣང་བ་ཡང་།། མེ་ཉིད་ལས་ནི་གཞན་མ་ཡིན༎ ང་ལས་ཕ་རོལ་སྣང་བ་ཡང་༎ བདག་ཉིད་ལས་ནི་གཞན་མ་ཡིན༎ གཞི་ལས་གཞི་སྣང་མཆེད་པ་ཀུན༎ གཞི་ཉིད་ལས་ནི་གཞན་མ་ཡིན༎ སེམས་ལ་སྣང་བའི་ཆོས་སོ་ཅོག། སེམས་ལས་རི་མོ་གཞན་མ་ཡིན།། ནམ་མཁའ་ནམ་མཁར་འཛིན་པས་འཆིང་༎ གཞི་ཞེས་གཞན་དུ་འཛིན་པས་འཆིང་༎ རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ལ༎ མངོན་ཞེན་དགྲ་རུ་འཛིན་པས་འཆིང་༎ རྣམ་རྟོག་གནས་འགྱུར་ཡེ་ཤེས་ལ༎ འཚོ་སྐྱོང་བཅོས་དང་འགོགས་པས་འཆིང་༎ ཨ་ནི་ནམ་མཁའ་རྣམ་དག་དབྱིངས༎ ཨ་ནི་སྐྱེ་དང་འགགས་པ་མེད༎ ཆོས་དབྱིངས་ཡེ་ཤེས་སྙིང་བོ་ལ༎ བརྗོད་པ་ཙམ་ནས་ཁྱབ་ཅིང་བརྡལ༎ བརྗོད་གཞི་ཀུན་ཏུ་ཨ་རང་བྱུང་༎ ཁྱོད་དང་ང་གཉིས་གཉིས་སུ་མེད༎ བཟང་ངན་རེ་དོགས་སྤང་བླང་མེད༎ ཡོད་དང་མེད་པའི་ཐ་སྙད་མེད༎ ཐོབ་ཤོར་མེད་དོ་ཆོས་སྐུའི་དབྱིངས།། དོན་འདི་རྟོགས་ན་རྣམ་འབྱོར་ཡིན༎ ཞེས་ཟེར་ཞིང་བདག་ལ་ཐིམ་པའི་སྣང་བ་བྱུང་།༈རང་སྣང་སྟོན་པ་རྒྱལ་བ་མི་བསྐྱོད་པ།། ངག་གི་རྩོལ་བས་འདུ་བྱེད་ཀྱིས་མིན་པར༎ གསལ་སྟོང་སྐུ་ལས་གྲགས་སྟོང་འགགས་མེད་སྒྲས༎ སྣ་ཚོགས་དཔེ་ཡིས་ཀུན་རྫོབ་རྟེན་འབྱུང་ཚུལ༎ སྐྱེ་མེད་ཡི་གེས་གནས་ལུགས་དོན་བསྟན་པས།། སྣང་སྟོང་གཉིས་མེད་བཅིང་དང་གྲོལ་མེད་པའི༎ ནང་དབྱིངས་གཞི་དང་གཞི་སྣང་གྲོལ་འཁྲུལ་ཚུལ༎ ཇི་བཞིན་རྟོགས་ནས་རྟག་ཆད་དབྱིངས་ལས་གྲོལ༎ སྐུ་གསུང་ཐུགས་དང་སྒོ་གསུམ་དབྱེར་མེད་གྱུར༎


མུ་མཐུད་དུ་འགོད་རྩིས་ཡིན།




སྐལ་ངན་ལྟ་བ་དམན་པ་དང་༔

ལོག་ལྟ་ཅན་དུ་མ་གྱུར་ཅིག༔

ཤེས་རབ་སྙིང་རྗེ་དད་ལྡན་པས༔

རྟག་ཏུ་བླ་མ་བསྟེན་པར་ཤོག༔

ལོག་འཚོ་ཁ་ན་མ་ཐོའི་ཟས༔

གཞན་གྱི་སྐྱོན་རྟོག་སྤངས་ནས་ནི༔

ཆོས་ཀྱི་རྩ་བ་ངོ་ཤེས་ཏེ༔

གུས་པས་གདམས་ངག་སྒོམ་པར་ཤོག༔

རང་གི་རྒྱུད་དང་གཞན་གྱི་རྒྱུད༔

གྲོལ་བྱེད་དམ་ཆོས་བདུད་རྩི་ལས༔

ལོག་ན་མེད་པའི་དོན་མཐོང་ནས༔

རྟག་ཏུ་ཆོས་བཞིན་བྱེད་པར་ཤོག༔

བསླབ་པ་ལམ་གྱི་སྨོན་ལམ་འདི༔

གེགས་མེད་ཡིད་བཞིན་འགྲུབ་པའི་མཐུས༔

འབྲས་བུ་རྫོགས་སངས་རྒྱས་ཐོབ་ནས༔

སེམས་ཅན་ཐམས་ཅད་འདྲེན་པར་ཤོག




སྒྲོག་འདོན་གཞན་གྱི་འཚོལ་བྱང་།

/ ཁྲིད་ཡིག

ཀུན་བཟང་བླ་མའི་ཞལ་ལུང་།



འཆད་ཁྲིད་ཟུར་བཀོད།


/ལུགས་གཉིས་བླང་དོར་གྱི་བསླབ་བྱ་ཉུང་ངུ།

མཛད་པ་པོ།ཀུན་མཁྱེན་མི་ཕམ་རྒྱ་མཚོ།






/ས་སྐྱ་ལེགས་བཤད།

མཛད་པ་པོ།འཇམ་མགོན་ས་སྐྱ་པཎ་ཆེན།

/བློ་སྦྱོང་ཚིག་རྐང་བརྒྱད་མ།

མཛད་པ་པོ།དགེ་བཤེས་གླང་ཐང་པ།

/ཞིང་སྦྱོང་དྲང་སྲོང་ལུང་གི་ཉི་མ།

མཛད་པ་པོ།ཀུན་མཁྱེན་མི་ཕམ་རྒྱ་མཚོ།




རྒྱ་ཆེན་ཐོས་པ་བསགས་པའི་མཁའ་ལམ་ནས།།

ལྷག་བསམ་སྤྲིན་གྱི་འདུ་བ་རབ་བཀོད་ནས།།

སྤོབས་པའི་ལྕི་བའི་སྤྲིན་གྱི་སྒྲ་དབྱངས་ཀྱིས།།

ཕན་བདེའི་གྲུ་ཆར་རྟག་ཏུ་འབེབས་པར་ཤོག།




ཁྱེད་ཉིད་ཕེབས་བསུ་ཡོད།





བྱང་ཆུབ་སེམས་དཔའི་བསམ་སྤྱོད་ཀྱི་རི་མོ་འབྲི་ཨེ་ཤེས་ལྟ།




琼秦扎巴 QiongQinZaba
རྒྱ་ཆེན་ཐོས་པ་བསགས་པའི་མཁའ་ལམ་ནས།ཕན་བདེའི་གྲུ་ཆར་རྟག་ཏུ་འབེབས་པར་ཤོག། ཁྱུང་ཆེན་གྲགས་པ་སྒེར་གྱི་ལས་སྟེགས།🌹🤗
 最新文章