བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ། ལྕམ་དང་སྐུ་ཞབས་རྣམ་པ། ལྷན་རྒྱས་སྐུ་ཁམས་བཟང་། དུས་ཀྱི་འཁོར་འགྲོས་མགྱོགས་པོར་འཁོར་ནས་ལོ་གསར་བ་སླེབས་ལ་ཉེ་བའི་སྐབས་འདིར་བདག་གིས་པེ་ཅིན་དུ་ཚང་མར་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།
ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ལ་ཁ་གཏད་ནས། སྡེབ་སྒྲིག་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། རང་རྒྱལ་གྱི་དཔལ་འབྱོར་རྣམ་པ་ཇེ་བཟང་དུ་ཕྱིན་ནས་རྒྱལ་ནང་གི་ཐོན་སྐྱེད་སྤྱི་ཐང་སྒོར་རབ་བཀྲམ་ཆེན་མོ་གཅིག་རབ་བཀྲམ་གསུམ་ལས་བརྒལ་བ་དང་། འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲག་ཆེན་གཅིག་ཁྲག་ཁྲིག་བཞི་ལས་བརྒལ་ནས་ཀྲུང་གོའི་འབྲུ་རིགས་ཀྲུང་གོའི་མཛོད་དུ་བཅུག ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་མཉམ་འབྲེལ་དང་སྟོབས་ཤུགས་གསོག་འཇོག་བྱས་ནས། གསར་བྱུང་མཁར་གྲོང་ཅན་དང་གྲོང་གསེབ་དར་སྤེལ་གྱི་ཕན་ཚུན་མཉམ་འདྲེས་དང་འཕེལ་རྒྱས་གོམ་སྟབས་མཉམ་འབྲེལ་ཐུབ་ཡོད། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རབ་མཛེས་ཀྲུང་གོའི་རེ་ཁ་གཅལ་དུ་བཀྲམ།
ང་ཚོས་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱས་ནས། ཐོན་ལས་གསར་བ་དང་ལས་རྣམ་གསར་བ་མང་པོ་བྱུང་བ་དང་། ནུས་ཁུངས་གསར་བའི་རླངས་འཁོར་གྱི་ལོ་རེའི་ཐོན་ཚད་ཐོག་དང་པོར་བྱེ་བ་གཅིག་ལས་བརྒལ་ཞིང་། འདུས་གྲུབ་གློག་ལམ་དང་མིས་བཟོས་རིག་ནུས། ཚད་རྡུལ་འཕྲིན་གཏོང་སོགས་ཀྱི་ཁྱབ་ཁོངས་སུ་གྲུབ་འབྲས་གསར་བ་བླངས། ཐོག་དང་པོར་ཟླ་བའི་ལྷ་མོ་ཨང་དྲུག་པའི་ཟླ་བའི་རྒྱབ་ངོས་ཀྱི་མ་དཔེ་བསྡུ་ལེན་བྱས་པ་དང་ཕུགས་འདུན་རྟགས་མས་རྒྱ་མཚོ་ཆེན་མོར་འཚོལ་ཞིབ་བྱས་ཤིང་། ཧྲིན་ཀྲིན་དང་ཀྲུང་ཧྲན་གྲོང་ཁྱེར་བར་གྱི་འགྲོ་ལམ་ཤར་གཏོང་བྱུང་བ་དང་། ལྷོ་སྣེའི་ཆིན་ལིན་ས་ཚིགས་སུ་འཁྱགས་རོམ་འཛུགས་སྐྲུན་བྱས་པ་བཅས་ཀྱིས་ཀྲུང་གོ་བས་རླབས་ཆེན་གྱི་ཕུགས་འདུན་དོན་དུ་གཉེར་བའི་བློ་སྟོབས་མངོན་ཡོད།
ད་ལོར། བདག་ས་གནས་སུ་རྟོག་ཞིབ་ཏུ་ཕེབས་སྐབས་ཚང་མའི་འཚོ་བ་ཕུན་སུམ་ཚོགས་པོ་ཡོད་པ་མཐོང་ཡོད། ཐེན་ཧྲུའེ་ཧྭ་ཉུག་ཀུ་ཤུ་ཆེ་ལ་དམར་མདངས་རྒྱས། ཏུང་ཧྲན་ཨོ་ཅའོ་སྡེ་བའི་ཉ་ལས་ཧ་ཅང་བཟང་། རི་བོ་མའེ་ཅིའི་བྲག་ཕུག་ཏུ་“ཤར་ཕྱོགས་ཀྱི་འཛུམ་མདངས”ལོ་ངོ་སྟོང་ཕྲག་བརྒལ་བ་དང་ལིའུ་ཁྲེ་སྲང་ལམ་གྱི་གུས་ལུགས་ཁྱིམ་སྲོལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད། ཐེན་ཅིན་གྱི་གནའ་བོའི་རིག་གནས་སྲང་ལམ་དུ་མི་ཚོགས་ཀྱིས་ཁེངས་ལ། དབྱིན་ཁྲོན་མི་རིགས་མང་བའི་མཁར་སྡེའི་སྡོད་དམངས་རྣམས་ཁྱིམ་ཚང་གཅིག་ལྟར་བརྩེ། ཚང་མས་སེམས་ཁུར་བྱེད་པའི་ལས་ཞུགས་འབབ་འཕར་དང་“རྒན་བྱིས་ལས་དོན”། སློབ་གསོ་དང་སྨན་བཅོས་སོགས་ཀྱི་གནད་དོན་ལ་བདག་གིས་རྟག་པར་སེམས་ཁུར་བྱེད་བཞིན་ཡོད། ལོ་གཅིག་གི་རིང་ལ། རྨང་གཞིའི་རྒན་གསོའི་འཚོ་དངུལ་ཇེ་མཐོར་སོང་བ་དང་ཁང་བུན་གྱི་སྐྱེད་ཀ་ཇེ་དམའ་རུ་བཏང་ནས། ཐད་ཀར་མཇུག་རྩིས་རྒྱག་པའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་པ་དང་འཛད་རྫས་ཀྱི་རྙིང་ཚབ་གསར་བརྗེ་བཅས་ཀྱིས་འཚོ་བའི་སྤུས་ཚད་ཇེ་བཟང་དུ་སོང་ནས་ཚང་མའི་ཐོབ་སྣང་ཡང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།
ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རའི་སྟེང་། རང་རྒྱལ་གྱི་ལུས་རྩལ་པ་རྣམས་ཀྱིས་དཔའ་ངར་ཆེར་བསྐྱེད་བྱས་ཏེ། ཕྱི་རྒྱལ་གྱི་འགྲན་སྡུར་ཁྲོད་གྲུབ་འབྲས་བཟང་བོ་བླངས་པ་དེས་ན་གཞོན་རྣམས་ཀྱི་དཔའ་ངར་ཡར་བརྩོན་དང་རང་ཉིད་ལ་ཡིད་ཆེས་ཡོད་པའི་རྣམ་པ་དེ་མངོན་ཡོད། མཚོ་དམག་དང་མཁའ་དམག་གིས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་ཉིན་མོར་མི་དམངས་ཀྱི་བུ་སྤུན་དམག་གིས་རྣམ་པ་གསར་བ་མངོན། ཆུ་ལོག་གི་གནོད་འཚེ་དང་རྒྱ་མཚོའི་རླུང་འཚུབ་སོགས་རང་བྱུང་གནོད་འཚེ་ལ་འཕྲད་སྐབས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོ་ཡུལ་དངོས་སུ་སོང་ནས། ཚང་མས་ལྷག་བསམ་རྣམ་དག་སྒོས་ཕན་ཚུན་ལ་རོགས་རེས་བྱས། ངལ་རྩོལ་པ་དང་འཛུགས་སྐྲུན་པ། ལས་གཏོད་པ་བཅས་ཚང་མས་ཕུགས་འདུན་འགྲུབ་ཆེད་འབད་བརྩོན་བྱས། བདག་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱ་དགའ་གནང་། གཟི་བརྗིད་ཁོང་ཚོར་དབང་བར་མ་ཟད་འགན་འཁྲི་འཁུར་ཕོད་པའི་འབད་འཐབ་བྱེད་མཁན་ཚང་མར་ཡང་དབང་།
དེང་སྐབས་ཀྱི་འཛམ་གླིང་ལ་འཕོ་འགྱུར་ཆེ། ཀྲུང་གོ་འགན་འཁྲི་ཕྲག་ཏུ་ལེན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཕོ་འགྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་དང་མཉམ་ལས་ཟབ་མོར་སྐུལ་འདེད་བཏང་། ང་ཚོས“རྒྱུད་གཅིག་ལམ་གཅིག”སྤུས་ལེགས་མཉམ་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་རྩེ་ཚོགས་བདེ་བླག་ངང་བསྡུས་ཤིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་གསེར་ལྡན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་གཉིས་དང་ཕྱོགས་མང་པོའི་ཚོགས་རར་ཀྲུང་གོའི་འདོད་ཚུལ་བཏོན་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོང་ཐད་དྲང་ནུས་སྔར་ལས་མང་པོ་བསྩལ།
ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ནས། སྤྱི་མཐུན་རྒྱལ་ཁབ་ཀྱི་འཕོ་འགྱུར་ཆེན་པོར་ཕྱིར་ལྟ་བྱས། ལོ་ངོ་ལྔ་སྟོང་ལྡན་པའི་ཀྲུང་ཧྭའི་ཤེས་རིག་རྒྱུན་འཛིན་ཁྲོད། “ཀྲུང་གོ”ཞེས་པའི་ཡིག་འབྲུ་གཉིས“གནས་བོའི་མཆོད་ཆས་”ཀྱི་ཞབས་ངོས་སུ་བརྐོས་པར་མ་ཟད། ཀྲུང་གོའི་བུ་ཕྲུག་ཚང་མའི་སེམས་སུ་བརྟན་པོར་བཞག ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ནས་སྔར་བས་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་དུང་བརྡ་བཏང་། ང་ཚོ་བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་བཅོས་བསྒྱུར་སྒོ་འབྱེད་ཁྲོད་སྔར་ལས་ཡངས་བའི་མདུན་ལམ་བཏོད།
2025ལོར་ང་ཚོས“ལོ་ལྔའི་འཆར་གཞི་བཅུ་བཞི་བའི་”འཆར་འགོད་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱ་རྒྱུ་ཡིན། སྔར་ལས་དགེ་མཚན་ལྡན་པའི་སྲིད་ཇུས་ལག་བསྟར་དང་བློ་རྩེ་གཅིག་སྒྲིམ་གྱིས་སྤུས་ལེགས་འཕེལ་རྒྱས་དམ་འཛིན་བྱ་དགོས་ལ། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ལ་སྐུལ་འདེད་གཏོང་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱ་དགོས། མིག་སྔར་དཔལ་འབྱོར་འཁོར་སྐྱོད་དེ་གནས་ཚུལ་གསར་བར་འཕྲད་ཡོད་པ་དང་། ཕྱི་ཕྱོགས་ཁོར་ཡུག་གི་གཏན་ཁེལ་མིན་པའི་འགྲན་རྩོད་དང་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་གྱི་གནོན་ཤུགས་ལ་འཕྲད་ཡོད། འོན་ཀྱང་འདི་དག་འབད་བརྩོན་བྱས་ན་ཐག་གཅོད་བྱེད་ཐུབ། ང་ཚོ་ཐོག་མ་ཉིད་ནས་ཆར་རླུང་དྲག་པོའི་ཁྲོད་འཚར་ལོངས་བྱུང་བ་དང་ཉམས་སད་ཁྲོད་སྟོབས་ཆེན་དུ་གྱུར་བ་ཡིན་པས་ཚང་མར་ཡིད་ཆེས་ཡོད་དགོས།
ཁྱིམ་དོན་དང་རྒྱལ་ཁབ་ཀྱི་དོན་དག གནམ་འོག་གི་དོན་དག་ཚང་མ་ལས་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་ནི་དོན་ཆེན་ཨང་དང་པོ་ཡིན། ཁྱིམ་ཚང་ཚང་མས་བྱིས་པར་སློབ་གསོ་ཡག་པོ་ཐོབ་པ་དང་རྒན་པར་རྒན་གསོའི་ཞབས་ཞུ་ཡག་པོ་ཡོད་པ། ན་གཞོན་ཚོར་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བོ་ཡོད་པར་རེ་སྒུག་བྱས་ཡོད། བབ་ཆགས་པའི་འདུན་པ་འདི་དག་ནི་བདེ་སྐྱིད་ཀྱི་འཚོ་བའི་རེ་སྨོན་ཡིན་པས། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་སྤྱི་ཚོགས་འཛུགས་སྐྲུན་དང་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་དགོས་ཤིང་། འཆམ་མཐུན་དཀྱེལ་ཡངས་ཀྱི་ཁོར་ཡུག་གསར་སྐྲུན་དང་། མང་ཚོགས་ཉེ་འགྲམ་གྱི་དོན་དག་ཆེ་མ་ཆུང་གསུམ་ཐག་གཅོད་བཟང་བོ་བྱས་ནས། ཚང་མའི་འཛུམ་མདངས་དེ་བས་མང་བ་དང་སེམས་པ་དེ་བས་དྲོ་རུ་འཇུག་དགོས།
ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ25འཁོར་བའི་སྐབས་སུ། བདག་སླར་ཡང་ཧའོ་ཅང་གཙང་པོའི་འགྲམ་དུ་བསྐྱོད་དུས་འཕེལ་རྒྱས་གསར་བ་དང་འགྱུར་ལྡོག་གསར་བས་མི་སེམས་ལ་དགའ་བ་སྟེར། ང་ཚོས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ནས། ཞང་ཀང་དང་ཨའོ་མོན་གྱི་ཡུན་རིང་དར་རྒྱས་དང་བརྟན་འཇགས་རྒྱུན་འཁྱོངས་བྱ་རྒྱུ་ཡིན། འགྲམ་གཉིས་ཀྱི་སྤུན་ཟླ་ཁྱིམ་ཚང་གཅིག་ཡིན་པས་སུས་ཀྱང་ང་ཚོའི་ཤ་ཁྲག་གི་འབྲེལ་བ་གཅོད་ཐབས་མེད་ལ། སུས་ཀྱང་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་འགོག་ཐབས་མེད།
འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པས། བློ་གཤོག་ཆེན་པོས་འགལ་ཟླ་སྣ་མང་སེལ་བ་དང་བརྩེ་སེམས་ཆེན་པོས་མིའི་རིགས་ཀྱི་ལས་དབང་ལ་ལྟ་སྐྱོང་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ། མཛའ་མཐུན་མཉམ་ལས་ཀྱི་ལག་བསྟར་པ་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་སྐུལ་འདེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་འཛུགས་ཀྱི་ནང་ཞུགས་མཁན་བཅས་བྱས་ནས་འཛམ་གླིང་གི་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་བསྐྲུན་བྱ་རྒྱུ་ཡིན།
རི་ཀླུང་ལ་མཛེས་སྡུག་ལྡན། གློག་འོད་རྣམ་པར་བཀྲ། ང་ཚོས་རེ་བ་ཆེན་པོས་གནམ་ལོ་གསར་བ་བསུ། མེས་རྒྱལ་ལ་དུས་བདེ་དགེ་ལེགས་ཡོང་བ་དང་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ། ཚང་མའི་བསམ་དོན་ལྷུན་གྱིས་འགྲུབ་པ་དང་དགའ་དགའ་སྤྲོ་སྤྲོ་ཡོང་བའི་སྨོན་འདུན་ཞུ།
新年前夕,国家主席习近平通过中央广播电视总台和互联网,发表了二〇二五年新年贺词。全文如下:
རྩོམ་སྒྲིག་པ། འགྱུར་མེད་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། འགྱུར་མེད་རྡོ་རྗེ།
ལྟ་སྐུལ་བ། སྐལ་བཟང་རྡོ་རྗེ།
སྤྱིའི་ལྟ་སྐུལ་བ། བསོད་ནམས་རིན་ཆེན།