ངེས་པར་དུ་དྲན་དགོས་པའི་དུས་ཚོད། 9-40
སང་ཉིན་རྒྱལ་བ་མགོན་པོ་འོད་དཔག་ཏུ་མེད་པའི་དུས་ཆེན་ཚེས་བཅོ་ལྔའི་སྔ་དྲོ་དུས་ཚོད་དགུ་དང་སྐར་བཞི་བཅུའི་དུས་སུ་ཆོས་རྗེ་དམ་པ་བླ་མ་ཡིད་བཞིན་ནོར་བུ་ང་ཚོ་དང་ཞལ་གྱེས་ནས་ནུབ་བདེ་བ་ཅན་དུ་གཤེགས་པའི་དུས་ཚོད་རེད།
དུས་ཚོད་དེ་ནི་ང་ཚོ་བླ་མ་ཡིད་བཞིན་ནོར་བུའི་སློབ་མ་སློབ་རྒྱུད་རྣམས་ལ་མཚོན་ན་ཚོར་བ་ཤུགས་དྲག་པོའི་ཀློང་ནས་དྲན་དགོས་པའི་དུས་ཚོད་ཅིག་རེད།
དེ་མ་དྲན་ན་ང་ཚོ་ལ་དྲན་རྒྱུའི་དུས་ཚོད་ཅིག་མེད་པ་རེད།
དྲན་པ་ཙམ་གྱིས་མི་ཆོག་པར་དད་གུས་རྩེ་གཅིག་པའི་སྒོ་ནས་གསོལ་བ་འདེབས་ལ་བརྩོན་དགོས།
དེས་ན་སྐྱ་སེར་སུ་ཡིན་ཡང་མ་མཐའ་ཡང་སྔ་དྲོ་དུས་ཚོད་དགུ་ཕྱེད་ཙམ་གྱི་ཐོག་ནས་བླ་མ་ཡིད་བཞིན་ནོར་བུའི་བླ་རྣམ་གསུངས་ནས་ཁོང་ལ་དད་གུས་རྩེ་གཅིག་པས་གསོལ་བ་འདེབས་རོགས།
དད་པས་ཀུན་ནས་བསླངས་ཏེ་མིག་ཆུ་རྡོག་པོ་
གཅིག་ས་ལ་ལྷུང་ན་ཡང་ཚོགས་རྒྱ་ཆེན་པོ་རྫོགས་པར་གསུངས་ཡོད།
བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་སྩོལ་བཞུགས་སོ།།
ཨཿ འཁོར་འདས་ཆོས་ཀུན་ཀ་དག་རིག་པའི་ངང་།རང་གདངས་མ་འགག་ཡེ་ཤེས་འོད་ལྔའི་ཀློང་།།ངོ་བོ་དཔལ་ལྡན་འཇམ་པའི་རྡོ་རྗེ་ལ།།རྣམ་པ་སྐྱབས་གཅིག་ཡིད་བཞིན་ནོར་བུ་ཉིད།།དཀར་གསལ་མཛེས་འཛུམ་པཎྚི་ཏ་ཡི་ཆས།།ཆོས་འཆད་ཕྱག་རྒྱས་རལ་གྲི་གླེགས་བམ་བསྣམས།།ཞབས་གཉིས་དཀྱིལ་དྲུང་འོད་ཟེར་མུ་མེད་འཕྲོ།།རང་སྣང་དག་པའི་རྒྱན་དུ་ལམ་མེར་གསལ།།
གསོལ་བ་གདབ་པ་ནི།
གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ།།
འཇམ་དཔལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྨིན།།
འཇིགས་མེད་ཕུན་ཚོགས་ཞབས་ལ་འདེབས།།
དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས།།
ཅི་ནུས་བསགས།
མཐར་ནི་བླ་མ་འོད་ལྔའི་ཐིག་ལེར་གྱུར།།
རང་གི་སྤྱི་བོ་ནས་ཞུགས་སྙིང་དབུས་ཐིམ།།
རྒྱལ་ཀུན་ཡེ་ཤེས་གཅིག་འདུས་བླ་མ་དང་།།
སྐལ་བ་མཉམ་པའི་བྱིན་རླབས་ཐོབ་པར་བསམ།།ཞེས་བློ་འདས་ཆོས་སྐུའི་ངང་དུ་མཉམ་པར་བཞགདེ་ལས་ལྡང་བ་ན་སྣང་སྲིད་བླ་མའི་ངོ་བོར་བལྟས་ཏེ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་པར་བྱའོ།།
གོང་གི་བླ་རྣམ་ཚང་མ་འདོན་མ་ཤེས་ན་གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ།།ཞེས་སོགས་ཀྱི་གསོལ་འདེབས་དེ་གསུངས་ནས་གསོལ་བ་འདེབས་རྒྱུ་དང་།
དེ་ཡང་མ་ཤེས་ན་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པའི་མཚན་གསུངས་ནས་གསོལ་བ་འདེབས་རོགས།ཞེས་བོད་ཆུ་ཡོས་ལོའི་བོད་ཟླ་དགུ་པའི་ཚེས་བཅུ་བཞིའི་ཉིན་ཆོས་རྗེ་དམ་པ་བླ་མ་ཡིད་བཞིན་ནོར་བུའི་སྐྱབས་འོག་པ་རིག་དར་ནས།