སྐྱེས་ཆེན་རྣམ་པས་དིང་རི་བ་ཚོར་གདུང་སེམས་དང་ཐུགས་སྨོན་གནང་བ།

乐活   2025-01-09 12:29   四川  














༸སྐྱབས་མགོན་ས་སྐྱ༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་ད་ཐེངས་ས་ཡོམ་གྱི་གོད་ཆགས་ཆེན་པོ་འདི་བྱུང་བ་གོ་མ་ཐག་གདུང་སེམས་མཉམ་སྐྱེད་ཀྱི་ཚུལ་དུ་གཤིན་པོ་རྣམས་ལ་འཕོ་བ་དང་གསོན་པོ་རྣམས་ལ་སེམས་གསོ་ཡི་གསུང་བྱིན་རླབས་ཅན།


སེམས་སྐྱོ་བའི་མིག་ཆུ།


རྩོམ་པ་པོ།  ༸རྒྱལ་དབང་ཀརྨ་པ་བཅུ་བདུན་པ་མཆོག 


མཐོ་མཐོ་བརྒྱ་བྱིན་བཞུགས་པའི་ཁང་བཟང་དང་།།

དམའ་དམའ་ན་རག་དམྱལ་བའི་ལྕགས་མཁར་ཡན།།

གསལ་གསལ་སེམས་ཀྱི་མཐོང་སྣང་མི་གཅིག་ཀྱང་།།

འཇིག་འཇིག་རང་མཚང་སྟོན་ལ་ཁྱད་པར་ཅི།།


ཤིག་ཤིག་གཡོ་བའི་ས་ཡི་སྲིན་པོ་དེས།།

ལམ་ལམ་མིག་ལ་འཆར་བའི་ཁང་ནོར་དང་།།

དམར་དམར་སྙིང་ལ་སྐྱོང་པའི་སྤུན་ཟླ་བཅས།།

ཆལ་ཆལ་ཟོས་པ་འདི་ཀོ་ཤིན་ཏུ་སྐྱོ།།


ལྷང་ལྷང་སྡུག་པའི་ཆོ་ངེ་འབར་བའི་ཁྲོད།།

སྐྲག་སྐྲག་ས་སྟེང་ཐོན་པའི་དམྱལ་བ་འདི།།

ཆེ་ཆེ་ཡིད་ཀྱི་ཁྱོན་དུ་ཤོང་དཀའ་ན།།

ཆུང་ཆུང་དབང་པོའི་ཡུལ་དུ་ཇི་ལྟར་བཟོད།།


ཆིལ་ཆིལ་ཆར་བཞིན་འབབ་པའི་བེམ་རོ་དང་།།

ཆོམ་ཆོམ་ཐོག་བཞིན་ལྷུང་བའི་ཁང་པ་གཉིས།།

ཆེམ་ཆེམ་གློག་ལྟར་མྱུར་བའི་བང་འགྲན་ཏེ།།

འཕྱུར་འཕྱུར་ཁྲག་དང་ཐལ་བས་གནམ་ས་བཀང་།།


སྐྱོ་སྐྱོ་བདག་པོས་བོར་བའི་སྒོ་ཁྱི་དང་།།

བྱམས་བྱམས་ཕ་མ་བརླག་པའི་དྭ་ཕྲུག་དང་།།

གཅེས་གཅེས་བུ་ཚ་གྲོངས་པའི་རྒན་རྒོན་དང་།།

མཛའ་མཛའ་སྙིང་སྡུག་བྲལ་བའི་གྲོགས་མེད་མང་།།


ཡོད་ཡོད་ཐམས་ཅད་ཤི་བའི་ནང་མི་ཞིག །

རྒྱང་རྒྱང་ས་མཐའ་འདི་ནས་གཅིག་པུར་ལུས།།

དུང་དུང་ཡིད་ཀྱི་གདུང་བ་ཐལ་དྲགས་པས།།

ཆད་ཆད་ངུ་བའི་འཕྲོ་ལ་གད་མོ་ཤོར།།


ཧུ་ཧུ་ཁྲི་ཕྲག་སྟོང་གི་སྐྱེ་བོ་རྣམས།།

རིག་རིག་བཞིན་དུ་སྲོག་གི་རྒྱུ་བ་བཅོམ།།

མྱུར་མྱུར་ཡུད་ཙམ་ཞིག་གི་འཇིགས་པ་དེས།།

ཡང་ཡང་བསྐལ་བརྒྱར་གདུང་བའི་རྨ་སྲོལ་གཏོད།།


ཀྱེ་ཀྱེ་གངས་ཅན་མགོན་པོ་སྤྱན་རས་གཟིགས།།

དཀར་དཀར་གངས་ཀྱི་ལྷུན་པོ་ལྟ་བུའི་སྐུ།།

བརྩེ་བརྩེ་ཡེ་ཤེས་སྤྱན་གྱིས་ཆེར་གཟིགས་ཏེ།།

དམན་དམན་བོད་འབངས་འདི་དག་བསྐྱབ་དུ་གསོལ།།


གསོན་གསོན་ཚེ་འདིའི་བྱ་བ་འཕྲོར་བཞག་སྟེ།།

འུར་འུར་བར་དོའི་འཕྲང་ལ་འཚང་གྱུར་ཀྱང་།།

ཚེ་ཚེ་ཕྱི་མར་ཕན་པའི་གྲབས་མེད་པོ།།

མཁྱེན་མཁྱེན་ཐུགས་རྗེའི་ནུས་པས་བསྐྱབ་ཏུ་གསོལ།།


རིང་རིང་སྙིང་དུ་ཕངས་པའི་མཛའ་བཤེས་རྣམས།།

འཕྲལ་འཕྲལ་བདུད་ཀྱི་ཕྱགས་མས་དེད་ཤུལ་དུ།།

ཅེར་ཅེར་འཕྲེང་བའི་མིག་གིས་ལྟ་བཞིན་པ།།

ཤུལ་ཤུལ་ལྷག་ལུས་འདི་དག་བསྐྱབ་ཏུ་གསོལ།།


ཤ་རུས་ཐ་དད་མེད་པའི་རིགས་རྒྱུད་ལས།།

ལས་དང་དམ་ཚིག་གཅིག་པའི་བོད་འབངས་རྣམས།།

གངས་ལྗོངས་ཆོས་ཀྱི་ཞིང་སར་ལྷན་འཛོམས་ཏེ།།

གཞིས་བྱེས་རེ་བ་ཡོངས་སུ་རྫོགས་པར་སྨོན།།

༸སྐྱབས་མགོན་ས་སྐྱ༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་ད་ཐེངས་ས་ཡོམ་གྱི་གོད་ཆགས་ཆེན་པོ་འདི་བྱུང་བ་གོ་མ་ཐག་གདུང་སེམས་མཉམ་སྐྱེད་ཀྱི་ཚུལ་དུ་གཤིན་པོ་རྣམས་ལ་འཕོ་བ་དང་གསོན་པ་རྣམས་སེམས་གསོ་ཀྱི་གསུང་བྱིན་རླབས་ཅན།


ལ་སྟོད་ལྷོ་ཡི་ཕྱོགས་ནི་ས་ཐག་རིང་། །
རུ་བཞི་དབུས་ཀྱི་ལྗོངས་ནི་ཚོར་བ་སྐྱེན། །
འཇིགས་པའི་ཡུལ་དུ་འབྱོར་བའི་ཐབས་མེད་ཀྱིས། །
བསྔོ་དང་སྨོན་ལམ་སེམས་ཀྱི་གཏིང་ནས་བྱ། །
         
2025.1.9མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་སྐུ་དངོས་ཀྱི་པོད་ཕྲན་ལས།



ཡ་ཆེན་ཆོས་སྒར་གྱི་བླ་མ་ནམ་མཁའི་སྙིང་པོ་མཆོག་ནས་ས་ཡོམ་གྱི་གནོད་ཚེ་ཕོག་པའི་ས་ཡུལ་ཡོངས་ལ་གདུང་སེམས་མཉམ་སྐྱེད་གནང་ཞིང་། ལྷག་ཏུ་གནོད་ཚེ་དེའི་ཁྲོད་འདས་གྲོང་དུ་ཤོར་བའི་ཚེ་འདས་རྣམས་ལ་འཕོ་བ་དང་བསྔོ་སྨོན་རྒྱ་ཆེན་པོ་གནང་བ།

阿妈的绿松石
འཕྲིན་སྟེགས་འདི་ནི་ཆོས་རིག་གཉིས་ཀྱི་ཤེས་བྱ་ལ་དགའ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་འབུལ་བྱེད་ཀྱི་སྐྱེད་ཚལ་ཞིག་ཡིན།
 最新文章