ནང་མཆོད་སྨན་རཀ་གཏོར་གསུམ་ངོ་སྤྲོད།
མཁན་པོ་ཚེ་དབང་རིག་འཛིན་གྱིས།
ཕྱི་ཡི་མཆོད་པ་འདོད་ཡོད་རྣམ་ལྔ་དང་། ནང་གི་མཆོད་པ་སྨན་རཀ་གཏོར་གསུམ་ཞེས་གསུངས་པ་བཞིན། སྣང་སྲིད་དག་མཉམ་དུ་ཤར་བའི་རྣལ་འབྱོར་པ་ཆེན་པོ་རེ་ཡིན་ན་མ་གཏོགས། གཞན་གསང་སྔགས་ཀྱི་ཆོ་ག་ཞིག་ལ་མཚོན་ན་ཀུན་རྫོབ་རྫས་ཀྱི་མཆོད་པ་འདི་དག་ཀྱང་ངེས་པར་དུ་ཚང་དགོས་པ་གལ་ཆེ་ཞིང་། འདི་དག་གི་ངོ་བོ་དང་ངེས་ཚིག་སོགས་ཀྱང་ཤེས་དགོས་པ་ཧ་ཅང་གནད་ཆེ་བས་ད་ལན་ནང་གི་མཆོད་པ་སྨན་རཀ་གཏོར་གསུམ་གཤམ་དུ་ངོ་སྤྲོད་མདོར་བསྡུས་ཙམ་ཞུ་རྒྱུ་ཡིན།
དང་པོ་སྨན་ནི། གསང་རྒྱུད་ལས། བདུད་རྩི་འབྱུང་བའི་རྒྱུ་ནི་བྱང་ཆུབ་སེམས།། བདུད་རྩིའི་ལས་ནི་རྣམ་རྟོག་བག་ཆགས་སྦྱངས།། བདུད་རྩིའི་དོན་ནི་སྐྱེ་ཤི་གཉིས་མེད་ངང།། ཞེས་གསུངས་པ་ལྟར། ངོ་བོ་སྐྱེ་འཆི་མེད་གཉིས་མེད། ངེས་ཚིག་ཕྱི་ནང་གསང་བའི་བདུད་གཞོམ་ཞིང་བྱང་ཆུབ་ལམ་གྱི་རྩི་དང་སྨན་དུ་གྱུར་པ། མཚན་ཉིད་ཟུག་རྔུ་བྲལ་བ་སོགས་བཞི་ལྡན། བྱེད་ལས་སྒྲིབ་གཉིས་བག་ཆགས་སྦྱོང་བ་རྣམས་སོ།། ནང་གི་དབྱེ་བ་ལ། ཆོས་བདུད་རྩི། ངོ་བོ་བདུད་རྩི། རྟགས་ཀྱི་བདུད་རྩི། རྩའི་སྨན་གྱི་བདུད་རྩི། དམ་རྫས་བདུད་རྩི་དང་ལྔ་ལས། འདིར་དམ་རྫས་བདུད་རྩི་ཉིད་སྨྲོས་ན། གཙང་དམེའི་རྟོག་པ་བདུད་དང་འདྲ་བ་ལ། གཉེན་པོ་གདོད་ནས་རང་ལས་བྱུང་ཞིང་དག་པའི་རྩི་ཉིད་ཐབས་ཀྱིས་བརྟེན་པས་རྟོགས་ཚོགས་ཡེ་ཤེས་སུ་འཆར་བར་བྱེད་པས་ན་དམ་རྫས་བདུད་རྩི་ཞེས་བྱ་སྟེ། སྒྱུ་འཕྲུལ་ཐལ་བ་ལས། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། རང་བྱུང་གདོད་ནས་རྣམ་པར་དག ། རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན།།རིགས་ལྔ་དམ་ཚིག་ལྔ་ཡི་དངོས།། ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས།། རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་བའི།། དུག་ལྔ་སེལ་བའི་བདུད་རྩི་མཆོག ། ཅེས་སོ། །
རྩ་བ་བརྒྱད་ལ་ཡན་ལག་སྟོང་དུ་ཕྱེ་བའི་ཚུལ་རྣམས་ནི་རྒྱ་གར་གྱི་སློབ་དཔོན་ཧཱུྃ་ཀ་ར་དང་། སྒེག་པའི་རྡོ་རྗེ། བི་མ་ལ་མི་ཏྲ། སློབ་དཔོན་པདྨ་སམྦྷ་ཝ། བུདྡྷ་གུཔྟ་རྣམས་ཀྱི་བཞེད་པ་སོ་སོར་མཆིས་པ་སློབ་དཔོན་བཀྲ་ཤིས་རྒྱ་མཚོའི་གསུང་སྔགས་འཆང་རྒྱན་གྱི་མེ་ཏོག་ལས་གསལ་བ་དང། བདུད་རྩི་སྨན་སྒྲུབ་ཀྱི་གཞུང་རྣམས་ལས་རྟོགས་པར་འགྱུར་ལ། སྣོད་ནི་མ་ནིང་གི་ཐོད་པ་སོགས་རང་བྱུང་བདེ་སྐྱོང་གི་ཀ་པཱ་ལའམ་བཅོས་མ་གསེར་དངུལ་ཟངས་ལྕགས་ས་རྡོ་སོགས་ཐོད་པའི་དབྱིབས་སུ་བྱས་པ། མི་མགོའི་སྒྱེད་པུ་གསུམ་གྱིས་མཚན་པའི་ཞབས་རྭ། སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན་པའི་ཁ་གཅོད་སྐྱོགས་ཐུར་དང་བཅས་པ་མཐོང་བརྒྱུད་ཕྱག་ལེན་ལྟར་འདུ་བྱ། མཚོན་དོན་ནི་མ་སྲིང་མཁའ་འགྲོ་ཐམས་ཅད་དགྱེས་པ་བསྐྱེད་པར་བྱེད་པས་ན་བདེ་སྐྱོང་གི་སྣོད། དབྱིངས་ལས་རང་སྣང་བའི་སྐུ་གསུམ་འདུ་འབྲལ་མེད་པའི་དོན་གྱི་མི་མགོའི་སྒྱེད་པུ། སྣོད་མིན་ལ་གསང་ཞིང་སྐལ་བ་མཆོག་ལྡན་རྣམས་ཀྱིས་ལོངས་སྤྱོད་དུ་གྱུར་པས་ན་ཁ་གཅོད་རྡོ་རྗེས་མཚན་པ་རྣམས་སོ།།
དེ་ལྟར་སྣོད་རིན་པོ་ཆེ་བྷནྡྷ་འབར་བའི་གཞལ་ཡས་ཁང་དུ་བཅུད་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བལྟམས་པས་གནས་སྐབས་སུ་ནད་མི་འབྱུང་ཞིང་ལོངས་སྤྱོད་དང་གྲགས་པ་ཐོབ། མཐར་ཐུག་དག་པའི་ཞིང་རྣམས་སུ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་ལྷན་ཅིག་གསང་བ་བླ་མེད་ཀྱི་དཀྱིལ་འཁོར་དུ་འདུ་བ་སོགས་རྟེན་འབྲེལ་ཁྱད་པར་ཅན་གྱི་རྫས་སུ་གསུངས་ཏེ། དགོངས་འདུས་ལས། ལྷ་ལ་ཕོག་ན་དགྱེས་པ་སྐོང་བའི་རྫས།།མཆེད་ལ་ཕོག་ན་དངོས་གྲུབ་འབྱུང་བའི་བཅུད།། དགྲ་ལ་ཕོག་ན་སྲོག་རྩ་གཅོད་པའི་མཚོན།།བགེགས་ལ་ཕོག་ན་རྡུལ་དུ་རློག་པའི་ཐུན།། གང་ལ་ཕོག་ཀྱང་དངོས་གྲུབ་བདུད་རྩིར་དམིགས།། ཞེས་གསུངས་པ་ལྟར་རོ།།
གཉིས་པ་རཀྟ་ནི། རཀྟའི་སྣོད་ནི་མོ་ཐོད་མཚན་ལྡན་ནམ་གཞན་བྷནྡྷ་རློན་པ་སྐྲ་དང་བཅས་པའམ། གསེར་དངུལ་སོགས་བཅོས་མའི་སྣོད་ཞབས་རྭ་ཁ་གཅོད་སྐྱོགས་ཐུར་དང་བཅས་པ་ལ། བཅུད་ཀྱི་ངོ་བོ་བདེ་སྟོང་གི་ཡེ་ཤེས། ངེས་ཚིག་ཁམས་གསུམ་གྱི་ཞེན་ཆགས་ཐམས་ཅད་ཁྲག་གི་རྣམ་པར་ཤར་བ། མཚན་ཉིད་ཟུག་རྔུ་བྲལ་བ་སོགས་བཞི་ལྡན། བྱེད་ལས་རྒྱུད་དྲུག་འཁོར་བའི་ས་བོན་བག་ཆགས་དང་བཅས་པ་སྟོངས་བྱེད། དབྱེ་བ་ལ་སྲིད་པ་གཞི་རཀྟ། སྣང་བ་བརྡ་ཡི་རཀྟ། མ་ཧཱ་རཀྟ། མཱུ་ལ་རཀྟ། གུ་ཎ་རཀྟ་སྟེ་ལྔའམ། ཡང་ན་གདུག་པ་འདུལ་བའི་མ་ཧཱ་རཀྟ་དང།། རྟེན་འབྲེལ་བཅུ་གཉིས་མཱུ་ལ་རཀྟ་དང།། མཁའ་དབྱིངས་རྣམ་དག་པདྨ་རཀྟ་སྟེ།། ཞེས་པ་ལྟར་གསུམ་མམ། རྩ་བ་བརྒྱད་ལ་ཡན་ལག་སོ་ལྔའམ་སོ་གསུམ་དུ་ཕྱེ་བ་རྣམས་ཏེ། ཞིབ་པར་གསང་རྒྱུད་དང་རྡོ་རྗེ་ཕུར་པའི་གཞུང་ལས་གསལ་བ་ལྟར་སྒྲུབ་ཐབས་ཀྱི་གཞུང་ཚད་མ་དང་སློབ་དཔོན་མཁས་པའི་མན་ངག་ལས་རྟོགས་པར་བྱ་ཞིང། ཆགས་མེད་བདེ་བ་ཆེན་པོའི་རང་བཞིན་འདོད་ཡོན་མི་ཟད་རྒྱན་གྱི་འཁོར་ལོར་ཤར་བའི་ཚུལ་གྱི་དག་པ་དྲན་དགོས་པ་སྟེ། གསང་རྒྱུད་ལས། ཉོན་མོངས་རྩ་བ་འཁོར་བའི་ཁྲག ། ཁམས་གསུམ་འཁོར་བ་སྟོངས་བྱའི་ཕྱིར།། དུང་ཆེན་སྣོད་དུ་དམར་ཆེན་འཁྱིལ།། དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ།། ཞེས་སོགས་ཇི་སྐད་འབྱུང་བ་བཞིན་ནོ།།
གསུམ་པ་གཏོར་མ་ནི། མཚན་ཉིད་སྣང་ཞིང་འཁོར་འདས་ཀྱི་འཛིན་རྟོག་ཐམས་ཅད་མཉམ་ཉིད་ཀྱི་དབྱིངས་སུ་རོ་སྙོམས་པར་བྱེད་པའོ། ངེས་ཚིག་ཁམས་གསུམ་སྣོད་བཅུད་མ་དག་པའི་སྣང་བ་སྣ་ཚོགས་པ་རྣམས་གཏོར་ཞིང་རིག་པའི་ཡེ་ཤེས་བསྐྱེད་པའི་མ་ལྟ་བུར་གྱུར་པའོ།། དབྱེ་བ་ལ། བྱིན་རླབས་བླ་མའི་གཏོར་མ། དངོས་གྲུབ་ཡི་དམ་གྱི་གཏོར་མ། ཕྲིན་ལས་མཁའ་འགྲོའི་གཏོར་མ། དམ་ཅན་ཆོས་སྐྱོང་གི་གཏོར་མ། དྲེགས་པ་སྡེ་བརྒྱད་ཀྱི་གཏོར་མ། ཐམས་ཅད་འདུས་པའི་གཏོར་མ་རྣམས་སོ།།
འདི་དག་བཟོ་བའི་ཚུལ་སོགས་དབྱིབས་ཀྱི་ཁྱད་པར་རྣམས་རང་རང་གི་ཕྱག་བཞེས་ལྟར་འཇུག་དགོས་པ་ལས་རེ་རེ་ནས་སྨོས་ཀྱིས་མི་ལངས་ཤིང། གཏོར་མ་གང་ཡང་དཀར་གྱི་ཐིག་བྲན། དམར་གྱི་གུར་ཕུབ། ཀྱུ་གུ་ཕྲུམ་ཕྲུམ་ཉི་ཟླའི་ཚུལ་དང་། དར་ཟབ་རཏྣ་སོགས་མཛེས་ཤིང་བརྗིད་ཆགས་པའི་རྒྱན་གྱིས་བརྒྱན་པར་བྱའོ།།
གཏོར་སྣོད་ལ་ཕྱི་ལྟར་རིན་ཆེན་ལྔ་སོགས་གང་འབྱོར་གྱི་ཐེབས་རྩེ། ནང་ལྟར་མཚན་ལྡན་ཀ་པཱ་ལ། གསང་བ་རུས་སྦལ་གྱི་ཁོག་པའོ།།
རྒྱུ་ནི་དཀར་གསུམ་མངར་གསུམ་འབྲུ་སྣ་སྨན་སྣ་སོགས་བསྲེས་ཤིང་ཚད་ལྡན་གཞུང་ལས་འབྱུང་བ་ལྟར་མཚན་ཉིད་ལྡན་པར་བཅའ། དེ་ལ་རྟེན་གཏོར་ལྷའི་ངོ་བོར་ཡུན་རིང་བཞག་པས་བར་ཆད་མི་འབྱུང་ཞིང་ལས་བཞིའི་དངོས་གྲུབ་མྱུར། རྟག་གཏོར་ལོ་ཟླའི་དུས་ཚིགས་བར་སྤྱན་རྟེན་མཆོད་པའི་ཚུལ་དུ་བཞག་པས་དཔུང་བསྐྱེད་ཅིང་འཕྲལ་འབྲས་མྱུར་དུ་འབྱིན། ཐུན་གཏོར་ཆོ་གའི་ཐུན་མཚམས་སུ་བརྔན་གྱི་ཚུལ་དུ་བཏང་བས་མགྲོན་རྣམས་སྙིང་ཉེ་ཞིང་ཅི་བཅོལ་བའི་ལས་རྣམས་མྱུར་དུ་འགྲུབ་པའི་དགོས་པ་ཡོད་དོ།།
སྤྱིར་དབྱེ་ན་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་གཏོར་མ་དང་བཞི་ལས། དང་པོ་ནི་སྣང་སྲིད་སྣོད་བཅུད་ཐམས་ཅད་གཏོར་མར་ཤར་བའོ།།
གཉིས་པ་ནི། ལུས་ཀྱི་ཕྱི་ནང་ཡན་ལག་ཉིང་ལག་ཐམས་ཅད་གཏོར་མར་གསལ་བའོ།། གསུམ་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་སོགས་རྣམ་ཤེས་ཚོགས་བརྒྱད་རྣམས་གཏོར་སྣོད་གཏོར་རྫས་སུ་གསལ་བའོ།། བཞི་པ་ནི་བདེན་གཉིས་དབྱེར་མེད་སྣང་སྟོང་ཟུང་འཇུག་གི་རང་བཞིན་མ་བཅོས་པའི་ངོ་བོར་ཤེས་པའོ།། ཡང་སྒྲུབ་ཐབས་ཁ་ཅིག་ལས་གཏོར་མ་ཤེས་པ་བཞི་ལྡན་དུ་གསུངས་ཏེ། མན་ངག་གཅེས་པའི་ལྡེ་མིག་ལས། ལག་ལེན་ཤེས་པ་བཞི་ལྡན་ཏེ།།བ་ལིང་གཏོར་མ་ཆེན་པོ་ཉིད།། མཆོད་པར་ཤེས་དང་ལྷར་ཤེས་དང་།།དམག་དཔུང་ཤེས་དང་ཟོར་ཤེས་བྱ།། ཞེས་པ་ལྟར། མཆོད་པའི་དུས་སུ་གཏོར་མ། དབང་དུས་སུ་ལྷ། དངོས་གྲུབ་བླངས་པའི་ཚེ་དམ་རྫས། བཟློག་པ་ལ་དམག་དཔུང། འཕང་པ་ལ་ཟོར་དུ་ཤེས་དགོས་པ་སོགས་བརྒྱུད་པའི་མན་ངག་ལ་ལྟོས་ནས་འཇུག་པར་བྱའོ།། ཞེས་གསུངས་པ་ལྟར་རོ།།
ནང་མཆོད་སྨན་རཀ་གཏོར་གསུམ་ངོ་སྤྲོད་མདོར་བསྡུས་འདི་ཉིད་མངའ་རིས་མཁན་པོ་ཚེ་དབང་རིག་འཛིན་གྱིས་བརྩམས་པའི་བླ་མེད་རྡོ་རྗེ་ཐེག་པའི་ཕྱག་མཚན་དང་མཆོད་རྫས་ཡོ་བྱད་ཀྱི་རྣམ་བཤད་ལས།