༈ གཤིན་རྗེས་ཁྲམ་ལ་འདེབས་པའི་ཉིན་མོ།30
བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ།
༈ འཇུ་མི་ཕམ་གྱི་གསུང་འབུམ། རང་སྲུང་རྫས་རྒོད་ཟབ་མོ་གནམ་ལྕགས་མེ་འབར་མ་ཞེས་བྱ་བ་ལས། དགུན་ཐ་ཆུང་འདི་ཡི་ཉ་ལ་སྤྱིར་བཏང་མགོ་ཕུར་འཛོམ་པ་མགོ་ཡི་ཟླ་བ་དང་བདུད་ཀྱི་ཟླ་བ་ཡིན། ཟླ་བ་འདི་རིལ་པོར་ལྷ་སྲིན་སྡེ་བརྒྱད་ཁ་ལོ་བསྒྱུར་ནས་ཐེབས་པས་སྔགས་པས་ཟོར་མདའ་འཕང་ན་ཤིན་ཏུ་ཐེབས་པས་སྔགས་པ་ཟོར་འཕེན་གྱི་ཟླ་བ་ཟེར། དམིགས་བསལ་དུ་ཉེར་བདུན་ལ་མི་ཐེབས་པ་དང་། དེ་ཡང་དེའི་ཁྱི་ཡི་དུས་ལ་བཟློག་པར་བཤད། འདིའི་ཉེར་གཉིས་དང་། ཁྱད་པར་ཉེར་དགུ་ལ་སྐྱེ་འགྲོ་སྲང་ལ་འདེབ། གནམ་སྟོང་ནུབ་མོ་ལོ་གཅིག་གི་ནང་ཚུན་སུ་འཆི་བ་རྣམས་ཀྱི་སྲོག་ཁྲམ་ལ་འདེབ་པའི་དུས་ཡིན་པས། འདིའི་ཉེར་དགུ་ལ་ལས་སྦྱོར་དང་། གནམ་སྟོང་ལ་མནན་པ་བྱ། འདི་ལ་ཐེ་ཚོམ་མེད། སྔགས་དང་ལག་ལེན་གཞན་མ་ཤེས་ཀྱང་རྡེའུ་ཤིང་བུ་ལ་དམོད་བོར་ཏེ་གཉན་པར་འཕངས་ཀྱང་དགྲ་ཐུབ་ཅེས་བཤད། ཞེས་གསུངས་དང་། ། ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་ཞལ་ནས། བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ནི་ས་སྟེང་གི་སྐྱེ་རྒུ་རྣམས་གཤིན་རྗེས་ཁྲམ་ལ་འདེབས་པའི་དུས་ཡིན་ནི་རེད། དེའི་སྐབས་སུ་མདོ་བཟློག་སོགས་འདོན་དགོས་ནི་རེད། དེ་ལྟར་བྱས་ན་དུས་མ་ཡིན་པའི་འཆི་བའི་གཞན་དབང་དུ་འགྲོ་ནི་མ་རེད་ཅེས་གསུངས་སྲོལ་ཡོད།
༡ དགུན་ཐ་ཆུང་ངེས་འཛིན་གཏེར་མཛོད་དཔལ་རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ན། དེ་ཡང་བཅུ་གཅིག་པའི་བཅོ་ལྔ་ནས། དགུན་ཐ་ཆུང་དང་བཅུ་གཉིས་པ་དང་། དཔྱིད་ཟླ་གསུམ་ལ་ཉལ་ལོ༔ ཞེས་དང་།
༢ མཚུངས་མེད་མི་བསྐྱོད་རྡོ་རྗེའི་གསུང་འབུམ་ན། འདུལ་བ་ལས་ཐ་ཆུང་རྣམས་ཀྱི་མར་ངོའི་གསོ་སྦྱོང་ནི་བཅུ་བཞི་པའོ་ཞེས་པ་ལྟར་ན་ཧོར་ཟླ་དགུ་པའི་བཅུ་དྲུག་ནས་ཧོར་ཟླ་བཅུ་པའི་བཅོ་ལྔའི་བར་དང་། ཧོར་ཟླ་བཅུ་པའི་བཅུ་དྲུག་ནས་ཧོར་ཟླ་བཅུ་གཅིག་པའི་བཅོ་ལྔའི་བར་དང་། ཧོར་ཟླ་བཅུ་གཅིག་པའི་བཅུ་དྲུག་ནས་ཧོར་ཟླ་བཅུ་གཉིས་པའི་བཅོ་ལྔའི་བར་དགུན་དང་པོ། གཉིས་པ། གསུམ་པར་བྱས་པའི་དགུན་གཉིས་པའི་གནམ་སྟོང་ལ་བཅུ་བཞི་པ་དང་། ཧོར་ཟླ་བཅུ་གཉིས་པའི་བཅུ་དྲུག་ནས་ཧོར་ཟླ་དང་པོའི་བཅོ་ལྔ་དང་། ཧོར་ཟླ་དང་པོའི་བཅུ་དྲུག་ནས་ཧོར་ཟླ་གཉིས་པའི་བཅོ་ལྔ་དང་། ཧོར་ཟླ་གཉིས་པའི་བཅུ་དྲུག་ནས་ཧོར་ཟླ་གསུམ་པའི་བཅོ་ལྔ་བར་དཔྱིད་དང་པོ། ཞེས་དང་།
༈ པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ་ན། སྟོན་ཟླ་ཐ་ཆུང་གི་ངོས་འཛིན་ཧོར་ཟླ་བརྒྱད་པ་ལ་བྱ་བ་དང་དགུ་པ་ལ་བྱ་བ་གཉིས་ནི། དགུན་ཉི་ལྡོག་པ་སྔ་ཕྱིའི་རིམ་པ་ལས་རྣམ་པར་བཞག་གོ ཞེས་དང་ དོན་ལ་དབྱར་ཉི་གང་ལ་ལོག་པའི་ཚེས་དེ་ནས་བརྩམས་པའི་ཟླ་བ་གཅིག་ནི་དབྱར་ཟླ་ཐ་ཆུངས་(ཆུང་)ཡིན་ཞིང་། དེའི་གོང་གི་ཟླ་བ་དེ་མ་ཐག་པ་དེ་ནི་དབྱར་ཟླ་འབྲིང་པོར་ངེས་སོ། །དེའི་ཕྱིར་ཧོར་ཟླ་དྲུག་པའི་ནང་དུ་དབྱར་ཉི་ལོག་ན་དང་། ཧོར་ཟླ་ལྔ་པའི་མར་ངོ་ལ་དབྱར་ཉི་ལོག་ན། ཧོར་ཟླ་དྲུག་པ་ལ། དབྱར་ཟླ་ཐ་ཆུངས་སུ་(ཆུང་དུ་)བྱས་ནས་དབྱར་ཕྱི་མ་ཁས་ལེན་ཞིང་ཧོར་ཟླ་ལྔ་པའི་ཡར་ངོ་ལ་དབྱར་ཉི་ལྡོག་ན། ཟླ་བ་དེ་ཉིད་ལ་དབྱར་ཟླ་ཐ་ཆུངས་སུ་(ཆུང་དུ་)བཤད་ནས། དབྱར་ཕྱི་མའི་ཁས་ལེན་བྱ་ཞིང་། དེའི་སྔ་ལོགས་སུ་བྱུང་བའི་ཟླ་བ་ཧོར་ཟླ་བཞི་པར་གྲགས་པ་དེ་ཉིད་ལ་དབྱར་སྔ་མའི་ཁས་ལེན་བྱ་དགོས་པ་ཡིན་ཏེ། མར་ངོ་སྔོན་དུ་འགྲོ་བའི་དབང་དུ་བྱས་པའི་དབྱར་ཉི་གང་ལ་ལྡོག་པའི་ཟླ་བ་དེ་དབྱར་ཟླ་ཐ་ཆུངས་སུ་(ཆུང་དུ་)འཇོག་དགོས་པའི་ཕྱིར། ཞེས་གསུངས་པ་ལས་ཤེས་ནུས་སོ།།བོད་ལོ2150:11:28ཉིན་ཨ་ལོ་ཀེས་གཞན་ལ་ཕན་དུ་རེ་ནས་ཟིན་བྲིས་སུ་བཀོད་པ་ཡིན། ༈སྤྲུལ་བའི་གུ་རུ་མཚན་བརྒྱད་དང༌། །གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད། །བྱང་སེམས་ཉེ་བའི་སྲས་བརྒྱད་དང༌། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ནང་གསང་བའི་བར་ཆད་སོལ། །བསམ་པ་ཡིད་བཞིན་འགྲུབ་པ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །༈ འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ།། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། དགེ་བ་འདི་ཡིས་མྱུར་ཏུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས།།འགྲོ་བ་གཅིག་ཀྱང་མ་ལུས་པ།།དེ་ཡི་ས་ལ་འགོད་པར་ཤོག །
༈ འཁོར་བའི་སེམས་ཅན་གང་ཡང་རུང་།།
ཁྱེད་ཀྱི་མཚན་མཆོག་བརྗོད་པ་ཡིས།།
ཚེ་དང་ཡེ་ཤེས་སྩོལ་མཛད་པ།།
ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད།།
༈ དུས་མིན་འཆི་བའི་མཚན་མ་མཐོང་བ་ན།།
དེ་ཡི་མོད་ལ་ཚེ་དཔག་མེད་མགོན་སྐུ།།
གསལ་བར་མཐོང་ནས་འཆི་བདག་དཔལ་བཅོམ་སྟེ།།
འཆི་མེད་རིག་འཛིན་མྱུར་ཏུ་ཐོབ་པར་ཤོག ། ༈ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང༌། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང༌། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །
༈ རྒྱལ་དཔང་ལྔ་པའི་གསུང་པོད་གྲངས།:༼ང་པ།༽ དེ་བཞིན་དུ་སེང་སྟག་ཁ་བགེང་བའི་དུས། །ཆུ་སྲིན་རྔ་མ་གཡབ་པའི་དུས། །བདུད་དམག་ལ་ཆས་པའི་དུས། །སྲིན་པོ་ལྟོ་བ་ལ་རུབ་པའི་དུས། །གཤིན་རྗེས་ཁྲམ་ལ་འདེབས་པའི་དུས། །གཞན་ལྔ་པོར་ཡང་འཛབ་བཟླ་བ་དང་ཐུན་གཏོར་གཏོང་བ་སོགས་སྔ་མ་ཇི་ལྟ་བ་བཞིན་བྱ། ཞེས་གསུངས།