དཔྱིད་གསར་མཚན་ཚོགས་ལས་ལྷ་སའི་ཡན་ལག་ཚོགས་རའི་ཉམས་སྣང་།

政务   2025-01-30 12:46   青海  

བཀྲ་ཤིས་རྟགས་བརྒྱད་ཚང་བའི་གནའ་གྲོང་འདིར།
བཀྲ་ཤིས་སྣང་བས་སྣོད་བཅུད་ཀུན་ཁྱབ་ཅིང་།
བཀྲ་ཤིས་གནམ་ལོ་གསར་པའི་དགའ་སྟོན་གྱིས།
བཀྲ་ཤིས་བདེ་ལེགས་ཕྱོགས་བཅུ་ཀུན་ཏུ་ཁྱབ།


དེ་ཡང་། ཤིང་མོ་སྦྲུལ་ལོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་ཀྱི་ཡན་ལག་ཚོགས་ར་དེ་བོད་ལྗོངས་ཀྱི་གནའ་གྲོང་ལྷ་སའི་བརྗིད་ཆགས་ཡིད་དུ་འོང་བའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཐེངས་དང་པོར་འཚོགས་པ་དང་། ས་བབ་མཐོ་ཚད་སྨི3650ཟིན་པའི་ཡན་ལག་ཚོགས་ར་དེ་དཔྱིད་གསར་དུས་ཆེན་མཚན་ཚོགས་ལོ་རྒྱུས་ཐོག་ས་བབ་མཐོ་ཤོས་ཀྱི་ཡན་ལག་ཚོགས་རར་གྱུར་ཡོད། 

ཟླ1པོའི་ཚེས28ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་ཙམ་ལ་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་དངོས་སུ་འགོ་ཚུགས་པ་དང་བསྟུན་ཆུ་ཚོད21:15ཙམ་ལ༼དཔྱིད་གསར་མཚན་ཚོགས། བཀྲ་ཤིས་བདེ་ལེགས།༽ཞེས་པས་བརྗོད་དོན་བྱས་པའི་ལྷ་སའི་ཡན་ལག་ཚོགས་ར་དངོས་སུ་བསྟན་ཡོད། ད་ལོར་དགུང་ལོ88ལ་སླེབས་པའི་གཞས་མ་གྲགས་ཅན་ཚེ་བརྟན་སྒྲོལ་མ་སླར་ཡང་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་གར་སྟེགས་ཐོག་ཕེབས་ཏེ༼ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན༽ཞེས་པ་བླངས་ཤིང་།  དེ་རྗེས་ལིའུ་ཐའོ་དང་བཀྲ་ཤིས་ཕུན་ཚོགས། ཚེ་རིང་ལྷ་མོ་སོགས་གྲགས་ཅན་གྱི་གཞས་པ་གཞས་མ་ཚོས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་ལྷན་དུ་གླུ་དབྱངས་ཀྱི་འགྱུར་ཁུག་གཅིག་དང་ཞབས་བྲོ་ཡི་རྡོག་སྒྲ་གཅིག་གི་ཐོག་ནས་ལྟ་འདོད་ལ་ཉན་སྤྲོ་བའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལེ་ཚན་འཁྲབ་སྟོན་བྱས་པ་རེད།     དུས་ཐུང་སྐར་མ8ཀྱི་ནང་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རིགས38འགྲེམས་སྟོན་བྱས་པ་དང་ཆབས་ཅིག་ཚན་རྩལ་འདུས་ཚད་མཐོ་བའིK8བརྒྱུད་གཏོང་མ་ལག་ཐོག་མར་སྤྱད་དེ་རྒྱ་ཆེའི་གཟིགས་མོ་བར་ཡུལ་དངོས་སུ་སླེབས་པ་ལྟ་བུའི་ཚོར་སྣང་ཞིག་སྦྱིན་ཡོད།  

ཐེངས་འདིའི་ལྷ་སའི་ཡན་ལག་ཚོགས་རའི་ལེ་ཚན་ནང་གླུ་གར་དང་ལྷ་མོ། གསར་གཏོད་རིགས་ཀྱི་ལེ་ཚན། དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་སོགས་རིགས་སྣ་ཚོགས་ཚུད་ཡོད་པས་སྲོལ་རྒྱུན་དང་གསར་གཏོད་མཉམ་འདྲེས་མཚོན་པར་མ་ཟད། མི་རིགས་ཀྱི་ཉམས་འགྱུར་དང་སྒྱུ་རྩལ་གྱི་ཚོར་བ། ཚན་རྩལ་གྱི་ཚ་རླབས་བཅས་ཟུང་དུ་འབྲེལ་བའི་ཉམས་སྣང་བཟང་པོ་ཞིག་མངོན་ཡོད། ཕོ་བྲང་པོ་ཏ་ལ་འདི་ཉིད་འཛམ་གླིང་རིམ་པའི་རིག་གནས་ཤུལ་བཞག་ཡིན་པའི་ངོས་ནས་དཔྱིད་གསར་དུས་ཆེན་འདི་ཉིད་ཀྱང་འཛམ་གླིང་རིག་གནས་ཤུལ་བཞག་ཏུ་རེ་ཞུ་ལེགས་གྲུབ་བྱུང་བས་རིག་གནས་ཤུལ་བཞག་གཉིས་གངས་ལྗོངས་ས་མཐོར་འཕྲད་པའི་རྣམ་པ་དེས་སྐབས་འདིའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ལ་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། 

ལྷ་སའི་ཡན་ལག་ཚོགས་རས་ད་དུང༼ང་དང་བོད་ལྗོངས་འཛོམས་རྒྱུའི་ཁ་ཆད་ཅིག༽ཅེས་པའི་ལེ་ཚན་དུམ་བུ་ཞིག་བཀོད་སྒྲིག་བྱས་ཡོད་ཅིང་། ལེ་ཚན་དེས་དུས་ཐུང་སྐར་ཆ90ཡི་ནང་ནག་ཆུའི་གསའ་ཕུ་གངས་རི་ནས་ཆབ་མདོའི་ལ་སྒོའི་འཁྱགས་རོམ་བར་དང་། མངའ་རིས་ཀྱི་རྩ་མདའི་དྲུ་རི་ནས་ལྷོ་ཁའི་ཡར་འབྲོག་གཡུ་མཚོའི་བར། ཉིང་ཁྲིའི་མེ་ཏོག་གི་སྒོར་སྒོར་ཐང་ནས་གཞིས་རྩེའི་སྐྱིད་གྲོང་རོང་བར། ད་དུང་ལོ་ངོ་སྟོང་གི་གནའ་གྲོང་ལྷ་ས་ནས་གནམ་མཚོ་ཕྱུག་མོའི་བར་བཅས་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་མཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་རྣམས་གཟིགས་མོ་བའི་སྤྱན་ལམ་དུ་བཤམས་ཡོད། འཁྲབ་སྟོན་ནང་ཞུགས་པའི་རོང་འབྲོག་འཁྲབ་སྟོན་པ་ཚོས་ཟོལ་མེད་ཀྱི་འཛུམ་མདངས་དང་ལྷག་བསམ་གྱི་གླུ་གར་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་སྐྱེ་བོའི་ཚོགས་ལ་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད། 

གཞན་ཡང་། ལྷ་སའི་ཡན་ལག་ཚོགས་རའི་གཙོ་སྐྱོང་པ་ཀྲུའུ་ཤུན་དང་སྲི་ཐར་ནོར་བུས་ད་དུང་བོད་ལྗོངས་དིང་རིར་ས་ཡོམ་རིམ་པ6.8བྱུང་རྗེས་ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོའི་སྙིང་སྟོབས་དང་ཡོམ་འགོག་གེགས་སེལ་ཐད་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་ཀྱིས་དྲང་ནུས་དང་གཅེས་སེམས་བརྒྱུད་སྤྲོད་བྱས་པ་རེད། 


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章