གློག་འཕྲིན་མགོ་སྐོར་ཏུ་ཚུད་པར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ།

文摘   2025-01-16 17:15   青海  

སྤྱི་བདེ་པུའུ་ཡིས་མངའ་ཁོངས་ཕྱི་རོལ་གྱི་གླ་ཕོགས་མཐོ་བའི་གདན་ཞུའི་ཐད་དོགས་ཟོན་བྱས་ནས་གློག་འཕྲིན་མགོ་སྐོར་གྱི་ཚང་དུ་མི་ལྷུང་བར་གྱིས་ཞེས་དྲན་སྐུལ་བྱས་འདུག

ཉེ་ཆར་རང་རྒྱལ་གྱི་སྤྱི་དམངས་ཕྱི་རྒྱལ་དུ་མགོ་སྐོར་བཏང་རྗེས་འབྲེལ་གཏུག་ཤོར་བ་དང་དཀའ་གནད་དུ་གྱུར་པའི་གྱོད་གཞི་ཡང་ཡང་ཐོན་ཞིང་།    འབྲེལ་ཡོད་མི་སྣའི་ཁྱིམ་མིས་དྲ་རྒྱའི་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་རོགས་སྐྱོར་ཆ་འཕྲིན་ཁྱབ་བསྒྲགས་བྱེད་ཀྱི་ཡོད།    ཚེས15ཉིན་གསར་འགོད་པས་སྤྱི་བདེ་པུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན།   སྤྱི་བདེ་པུའུ་ཡིས་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ལ་རང་རྒྱལ་གྱི་སྤྱི་དམངས་ལ་ཕྱི་རྒྱལ་དུ་འབྲེལ་གཏུག་ཤོར་བ་དང་དཀའ་གནད་དུ་གྱུར་པའི་གནས་ཚུལ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ནས་མྱུལ་ཞིབ་བརྟག་དཔྱད་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ་དང་། དུས་མཚུངས་ཕྱི་འབྲེལ་སྡེ་ཁག་དང་ཕྱི་རྒྱལ་དུ་བཅའ་སྡོད་བྱས་པའི་རང་རྒྱལ་གྱི་གཞུང་ཚབ་ཆེ་མོ་ཁང་དང་གཞུང་ཚབ་ཁང་གི་རྒྱབ་སྐྱོར་དང་གཞོགས་འདེགས་འོག་ནུས་ཤུགས་ཡོད་རྒུས་དཀའ་གནད་ཁྲོད་ཀྱི་མི་སྣ་རོགས་སྐྱོབ་ལ་མཐུན་སྦྱོར་བྱས་ཡོད།   
སྤྱི་བདེ་ལས་ཁུངས་ཀྱིས་དྲན་སྐུལ་བྱས་དོན།  ཕྱི་རྒྱལ་གྱི་མགོ་སྐོར་གཏོང་བའི་ཚོགས་པས་རྟག་ཏུ་“གླ་ཕོགས་མཐོ་བའི་ལས་ཀ་དང་། ཟ་སྡོད་གང་རུང་གི་འགན་ཁུར་པ། གནམ་གྲུའི་སྤ་སེ་རྩིས་ཞུ་བྱེད་པ། ཆེད་མངགས་སྐྱེལ་འདྲེན་བཅས་ཀྱི་བསླུ་བྲིད་དམ་ཡང་ན་ཚོང་དོན་རྟོག་ཞིབ་དང་རིན་མེད་ཡུལ་སྐོར་སོགས་ཀྱི་མིང་ཐོག་ནས་མངའ་ཁོངས་ཀྱི་མི་སྣ་ཕྱི་རྒྱལ་དུ་བསླུས་ནས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་སོགས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་བྱེད་ཀྱི་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱིས་ངེས་པར་དུ་དོགས་ཟོན་ཆེ་རུ་གཏོང་བ་དང་རང་ཉིད་ཀྱི་བདེ་འཇགས་ལ་ཤུགས་སྣོན་བརྒྱབ་སྟེ་མངའ་ཁོངས་ཕྱི་རོལ་གྱི་གླ་ཕོགས་མཐོ་བའི་གདན་ཞུའི་ཆ་འཕྲིན་ལ་ཡིད་ཆེས་གཏན་ནས་བྱེད་མི་རུང་བ་དང་། མགོ་སྐོར་དང་གློག་འཕྲིན་མགོ་སྐོར་གྱི་གཡོ་འོག་ཏུ་མི་ཚུད་བར་གྱིས་རོགས།  
གལ་ཏེ་གཉེན་ཉེ་མངའ་ཁོངས་ཕྱི་རོལ་དུ་འབྲེལ་གཏུག་ཤོར་བ་དང་འགག་ཉར་སོགས་ཀྱི་གནས་ཚུལ་འཕྲད་ཚེ། གལ་ཏེ་དོན་དག་དེ་རིགས་ལ་འཕྲད་བྱུང་ན་དུས་ཐོག་ཏུ་ཁོངས་གཏོགས་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ལ་ཞུ་དགོས་པར་མ་ཟད།    དུས་མཉམ་དུ་ཕྱི་རྒྱལ་དུ་བཅའ་སྡོད་བྱས་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་སོགས་གཞུང་ཕྱོགས་ཀྱི་ཐབས་ལམ་ནས་རོགས་སྐྱོར་གནང་རོགས་ཞུ་དགོས། སྤྱི་བདེ་ལས་ཁུངས་ཀྱིས་མྱུར་དུ་མྱུལ་ཞིབ་བརྟག་དཔྱད་ལས་དོན་སྤེལ་ནས་འབྲེལ་ཡོད་སྡེ་ཚན་ལ་ནུས་ཤུགས་ཡོད་རྒུས་མཐུན་སྦྱོར་བྱས་ནས་འབྲེལ་གཏུག་ཤོར་བ་དང་ཐེ་གཏོགས་བྱེད་མཁན་མི་སྣ་འཚོལ་སྐྱོབ་རྒྱུ་བྱ་དགོས་སྐོར་ནས་དྲན་སྐུལ་གནང་། །    
སྤྱི་བདེ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་འདི་སྐད། 2023ལོའི་ཟླ7པར་སྤྱི་བདེ་པུའུ་ཡིས་འབར་མ་བྱང་རྒྱུད་ཀྱི་རང་རྒྱལ་དང་འབྲེལ་བ་ཡོད་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་ལས་དོན་བཀོད་སྒྲིག་བྱས་ནས་བཟུང་། སྤྱི་བདེ་ལས་ཁུངས་ཀྱིས་འབར་མའི་ཁྲིམས་འཛིན་སྡེ་ཚན་དང་མཉམ་དུ་ཁྲིམས་འཛིན་བདེ་འཇགས་མཉམ་ལས་དང་རྡུང་རྡེག་གཏོང་བའི་བྱ་སྤྱོད་རབ་དང་རིམ་པ་མུ་མཐུད་སྤེལ་ནས་མིང་ངན་ཆེ་བའི་འབར་མ་བྱང་རྒྱུད་ཀུའོ་ཀང་གྱི“ཁྱིམ་རྒྱུད་ཆེན་པོ་བཞིའི”ཉེས་གསོག་ཚོགས་པ་རྩ་གཏོར་བྱས་པ་དང་།  འབར་མ་བྱང་རྒྱུད་ས་ཁུལ་གྱི་རང་རྒྱལ་གྱི་མཐའ་མཚམས་དང་ཐག་ཉེ་བའི་གཞི་ཁྱོན་ཆེ་བའི་གློག་འཕྲིན་ཁ་བསླུས་གླིང་ཁུལ་རྩ་བ་ནས་མེད་པར་བཟོས། ས་གནས་དེའི་གློག་འཕྲིན་ཁ་བསླུས་ཉེས་གསོག་གི་འཚོ་གནས་བར་སྟོང་ཤུགས་ཆེན་བཙིར་ནས་ཁ་བསླུས་དང་འབྲེལ་བ་ཡོད་པའི་མི་སྣ་འབོར་ཆེན་འབར་མའི་མའོ་ཝ་ཏི་དང་། ཝན་ཧའེ། ཏང་དབྱང་སོགས་གཏིང་ཟབ་པའི་ས་ཁུལ་དུ་གཅིག་རྗེས་གཉིས་མཐུད་ངང་སྤོས་ཡོད་ཟེར།     
རྡུང་རྡེག་ནན་པོ་དང་རྒྱ་ཁྱབ་སྔོན་འགོག་གི་དྲིལ་སྒྲོག་བྱས་འོག གློག་འཕྲིན་མགོ་སྐོར་གླིང་ཁུལ་ཁག་ཅིག་ཏུ“མི་སྤྱོད་དཀོན་པའི”གནས་ཚུལ་ཐོན་ཡོད།  ཕྱི་རྒྱལ་གྱི་གློག་འཕྲིན་མགོ་སྐོར་ཚོགས་པས་གླིང་ཁུལ་གྱི“རྒྱུན་ལྡན་གྱི་གཉེར་སྐྱོང་”རྒྱུན་འཁྱོངས་བྱ་ཆེད།    “གླ་ཕོགས་མཐོ་བའི་སྒོ་ནས་ཕྱི་རྒྱལ་དུ་ལས་མི་བསྡུ་བ”དང་།  “རིན་མེད་ངང་རྒྱལ་མཚམས་ནས་ཡུལ་སྐོར་གཏོང་བའི”བྱེད་ཐབས་ལ་བརྟེན་ནས་མངའ་ཁོངས་ནང་གི་མི་སྣ་རྒྱལ་མཚམས་ནས་ཕྱིར་འབུད་པར་མགོ་སྐོར་བཏང་རྗེས། ཁྲིམས་འགལ་གྱིས་བཀག་ཉར་དང་བཙན་ཁྲིད་སོགས་ཀྱི་བྱེད་ཐབས་སྤྱད་དེ་གློག་འཕྲིན་མགོ་སྐོར་ཁང་དུ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྤེལ་དུ་འཇུག་བཞིན་ཡོད་པས།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཧ་ཅང་ངན་པ་བཟོ་བཞིན་ཡོད།    
སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་མཚམས་ལས་བརྒལ་བའི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་བའི་མཐོ་གནོན་གྱི་རྣམ་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱ་རྒྱུ་དང་། ལྷག་པར་དུ་འབར་མའི་མའོ་ཝ་ཏི་སོགས་ཁ་བསླུས་བྱ་ཡུལ་གསར་བ་འདུ་འཛོམས་ཁུལ་ལ་རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ།  འབྲེལ་ཡོད་རྒྱལ་ཁབ་ཀྱི་ཉེན་རྟོག་ཕྱོགས་དང་མཉམ་འབྲེལ་ཐོག་རྡུང་རྡེག་བྱ་སྤྱོད་སྤེལ་ནས་མངའ་ཁོངས་ཕྱི་རོལ་གྱི་གློག་འཕྲིན་མགོ་སྐོར་གྱི་ཚང་ནུས་ཤུགས་ཡོད་རྒུས་གཏོར་བརླག་གཏང་བ་དང་།   ཚང་དུ་ལྷུང་བའི་མི་སྣ་རོགས་སྐྱོབ་ཐད་མཐུན་སྦྱོར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་རེད།    

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལོ་ཙཱ་བ། གཡང་སྐྱིད།

རྩོམ་སྒྲིག་པ། གཡང་སྐྱིད།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章