མཚོ་སྔོན་ཞིང་ཆེན་ཟི་ལིང་ཙོང་ཁ་དགོན་པ་དང་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་ཁྲོད་གནོད་པ་ཐེབས་པའི་མང་ཚོགས་ལ་རོགས་སྐྱོར་ཞལ་འདེབས་ཕུལ།
2025ལོའི་ཟླ1ཚེས7ཉིན་གྱི་སྔ་དྲོའི་ཆུ་ཚོད9དང་སྐར་མ5ཡི་ཐོག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ཚད་རིམ་6.8གྱི་ས་ཡོམ་བྱུང་། ས་ཡོམ་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་མཛད་པ་མ་ཟད། མཛུབ་སྟོན་གལ་ཆེན་གནང་ནས་སྟོབས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་། མང་ཚོགས་ཀྱི་ཤི་རྨས་ཚད་ཆེས་ཉུང་དུ་བཏང་སྟེ། གནོད་ཐེབས་མང་ཚོགས་རྣམས་བཀོད་སྒྲིག་འོས་འཚམ་སྒོས་བདེ་འཇགས་དང་དྲོ་སྐྱིད་ཀྱི་དགུན་ཁ་ཞིག་སྐྱེལ་ཐུབ་པར་འགན་ལེན་བྱེད་དགོས་པ་ནན་གསུང་མཛད་ཡོད་པ་ལྟར། ཟླ1ཚེས8ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་ཙོང་ཁ་དགོན་བརྩེ་ཆེན་དར་རྒྱས་གླིང་གི་དགོན་བདག་དང་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་པོས་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་བརྒྱུད་དེ། དུས་ཐོག་ཏུ་ཟི་ལིང་ཙོང་ཁ་དགོན་བརྩེ་ཆེན་དར་རྒྱས་གླིང་དང་མཚོ་སྔོན་ཚད་རིག་ལྷན་ཚོགས་གཉིས་ལ་རྩ་འཛུགས་བྱས་ཏེ། ཕྱོགས་གཅིག་ལ་དཀའ་ངལ་བྱུང་ཚེ། ཕྱོགས་སོ་སོའི་རོགས་སྐྱོར་བྱེད་པའི་བླ་མེད་སྲོལ་བཟང་དར་སྤེལ་གནང་ཐོག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་གནོད་ཐེབས་མང་ཚོགས་ལ་དམངས་སྒོར་འབུམ་གཅིག་གིས་རོགས་སྐྱོབ་ཞལ་འདེབས་ཕུལ་བ་མ་ཟད། ཟི་ལིང་ཙོང་ཁ་དགོན་བརྩེ་ཆེན་དར་རྒྱས་གླིང་གི་དགེ་འདུན་པ་ཚོས་ཐེངས་འདིའི་ས་ཡོམ་ཁྲོད་ཀྱི་འདས་པོར་བསྔོ་སྨོན་སྐྱབས་འཇུག་དང་གདུང་སེམས་མཉམ་བསྐྱེད། གནོད་ཐེབས་མང་ཚོགས་རྣམས་སྔ་མོ་ནས་ས་ཡོམ་གྱི་སྡུག་བསྔལ་ལས་ཐར་ནས་དགུན་གྱི་འཚོ་བ་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ཞིག་རོལ་ཐུབ་པར་སྨོན་ལམ་སྐྱབས་འཇུག་ཞུས་པ་རེད།
མཚོ་སྔོན་ཞིང་ཆེན་ཟི་ལིང་ཙོང་ཁ་དགོན་བརྩེ་ཆེན་དར་རྒྱས་གླིང་།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
ལོ་ཙཱ་བ། ཁོན་ཐར་འཚོ།
རྩོམ་སྒྲིག་པ། གཡང་སྐྱིད།