མཚོ་སྔོན་འཐེན་ཐུག་ཕྱི་རྒྱལ་གཉེར་སྐྱོང་ལྟེ་གནས་བ་ཡན་རྫོང་དུ་བཙུགས་པ།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས16ཉིན། མཚོ་སྔོན་འཐེན་ཐུག་ཕྱི་རྒྱལ་གཉེར་སྐྱོང་ལྟེ་གནས་ཞབས་ཞུ་ཚད་ཡོད་ཀུང་སིའི་སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་ཤར་གྲོང་ཁྱེར་བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་དུ་འཚོགས་ཤིང་། དེས་བ་ཡན་རྫོང་གི་འཐེན་ཐུག་ཐོན་ལས་དེ“ཁེར་རྐྱང་འཐབ་རྩོད་”ནས“ཚོགས་པ་གོང་འཕེལ”གྱི་ཕྱོགས་སུ་བསྒྱུར་བ་དང་། ཐོན་ལས་ཞབས་ཞུའི“ལས་སྒོ་རྐྱང་པ་”ནས“འབྲེལ་ཐག་ཧྲིལ་པོར་འདུ་བའི”ཕྱོགས་སུ་བསྒྱུར་བ་མཚོན་པས། བ་ཡན་རྫོང་གི་འཐེན་ཐུག་ཁེ་ལས་དང་འཐེན་ཐུག་མི་སྣར་འདུས་གྲུབ་ཅན་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། ། འཐེན་ཐུག་ཐོན་ལས་གཞི་ཁྱོན་ཅན་དང་། ཚད་གཞི་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་དང་། བ་ཡན་རྫོང་གི་ཞིང་པ་ཕྱུག་པོར་འགྱུར་ནས་འབྱོར་འབྲིང་ཡོང་བར་ལས་ཞུགས་ཀྱི་ལམ་གསར་པ་གཏོད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཀུང་སི་དེ2024ལོའི་ཟླ9པའི་ཚེས24ཉིན་བ་ཡན་རྫོང་ཆོས་འཁོར་ཁུལ་གསར་དུ་ཐོ་འགོད་བྱས་ནས་བཙུགས་པ་དང་། དེ་ནི་བ་ཡན་རྫོང་མི་དམངས་སྲིད་གཞུང་དང་དབྱི་ཝུའུ་གྲོང་ཁྱེར་མཚོ་སྔོན་ཚོང་ཚོགས་བར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པའི་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འཐེན་ཐུག་དཔལ་འབྱོར་གྱི་རྒྱུན་རྣམ་གསར་པ་དང་འཚམ་ཞིང་ཕྱི་ཕྱོགས་ཅན་གྱི་ཁེ་ལས་གསོ་སྐྱོང་ཤུགས་ཆེན་བྱ་ཆེད་འཆར་འགོད་བྱས་པའི་ཐོན་དངོས་ཤིག་རེད། ད་སྔར་ཀུང་སིར་ཕྱི་རྒྱལ་དུ་ཨེ་ཅིབ་ཀྱི་ཁེ་རོ་དང་། སོ་ཏི་ཨ་རབ་ཀྱི་ཅི་ཏ། དབྱིན་ཇིའི་ལུན་ཏུན། མོ་རོ་ཁོའི་ཁ་ས་པུའུ་ལན་ཁ། ཨོ་སི་ཁྲུ་ལི་ཡའི་ཕོ་སི། ཁེར་ཅི་སི་ཐན་གྱི་པི་ཧྲི་ཁའེ་ཁེ་བཅས་འབྲེལ་གཏུག་ས་ཚིགས6ཡོད།
མཚོ་སྔོན་འཐེན་ཐུག་ཕྱི་རྒྱལ་གཉེར་སྐྱོང་ལྟེ་གནས་ཞབས་ཞུ་ཚད་ཡོད་ཀུང་སིས་དབྱི་ཝུའུ་གྲོང་ཁྱེར་མཚོ་སྔོན་ཚོང་ཚོགས་ཀྱི་ལོ་མང་རིང་བསགས་པའི་ཕྱི་ཕྱོགས་ཚོང་དོན་ལས་ཀའི་ཉམས་མྱོང་དང་། ཕྱི་རྒྱལ་ཁྲོམ་རའི་འབྲེལ་བ་གང་ལེགས་སྤྱད་དེ་གསར་གཏོད་རང་བཞིན་གྱི་ཞབས་ཞུའི་ལས་དོན་སྤེལ་ནས་མཚོ་སྔོན་གྱི་འཐེན་ཐུག་པ་ཕྱི་རྒྱལ་དུ་བསྐྱོད་པ་དང་འཛམ་གླིང་དུ་བསྐྱོད་པར་ཕྱོགས་ཡོངས་ཀྱི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཡོད། ཀུང་སིས་རིན་དོད་སྤྲད་ནས་འཐེན་ཐུག་ལག་རྩལ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་སྐད་རིགས། ཕྱི་འབྲེལ་གྱི་གུས་ལུགས། མི་རིགས་ཀྱི་འཛེམ་བྱ། དོ་སྣང་དགོས་རིགས། བདེ་འཇགས་བྱེད་ཐབས། འཕྲལ་སྡོམ་རོགས་རམ་རེ་ཞུ། དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ཐད་གསོ་སྦྱོང་བྱས་པ་མ་ཟད། ངལ་ལས་ཕྱིར་གཏོང་གི་དཔང་ཡིག་སྤྲད་དེ ཐོངས་མཆན་རེ་ཞུ་དང་། གནམ་གྲུའི་སྤ་སེ་མངགས་ཉོ། ས་ཐོག་ཏུ་སྣེ་ལེན་སོགས་ཀྱི་དོན་དག་ལ་ཡང་རོགས་རམ་བྱས། སྒོ་བྱང་སྒོ་འབྱེད་མཛད་སྒོ་སྤེལ་རྗེས། བ་ཡན་རྫོང་གི་འཐེན་ཐུག་ཐོན་ལས་ཀྱི་ཕྱི་རྒྱལ་གཉེར་སྐྱོང་ལས་སྒོ་ངོ་སྤྲོད་ཚོགས་འདུ་འཚོགས་ནས་འཐེན་ཐུག་པ་གདན་འདྲེན་ཞུས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུའི་སྐོར་ཐུན་མོང་ཐོག་གླེང་མོལ་བྱས་པ་དང་། ཕུགས་བསམ་ལྡན་པའི་མི་སྣ་སྔར་ལས་མང་པོར་རོགས་རམ་བྱས་ཏེ“མཚོ་སྔོན་འཐེན་ཐུག་པའི”སྤུས་རྟགས་དེ་འཛམ་གླིང་ལ་ཁྱབ་གདལ་གཏང་རྒྱུ་བྱས།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཐེན་ཐུག་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཐོག མཚོ་སྔོན་ཤར་རྒྱུད་ཀྱི་དབུལ་ཕོངས་ས་ཁུལ་གྱི་དབུལ་ཕོངས་ཕྱུག་འགྱུར་གྱི་ཐབས་ལམ་ནུས་ལྡན་ཞིག་ཏུ་བརྩིས་ནས་རོགས་སྐྱོར་བྱས་པ་དང་། སྔ་རྗེས་སུ་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་བཟོས་ནས་ཁྲོམ་ར་གསར་འབྱེད་དང་། སྤུས་རྟགས་གསོ་སྐྱོང་། འཇོན་མི་གསོ་སྐྱོང་། ཐོན་ལས་སྦྲེལ་ཐག་མཐོར་གཏོང་། དངུལ་རྩའི་རྒྱབ་སྐྱོར་སོགས་བྱེད་ཐབས་“རབ་དང་རིམ་པ”བཏོན་ཏེ། ཐེན་ཐུག་ཐོན་ལས་འཕེལ་རྒྱས་གཏོང་བར་ལས་འགན་ཡི་གེ་དང་། དུས་ཚོད་རེའུ་མིག ལམ་རིས་བཅས་ཁ་གསལ་བཟོས་ནས་སྲིད་ཇུས་ཀྱི་འགན་སྲུང་ནུས་ལྡན་མཁོ་འདོན་བྱས།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
ལོ་ཙཱ་བ། གཡང་སྐྱིད།
རྩོམ་སྒྲིག་པ། གཡང་སྐྱིད།