མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1ཚེས6ཉིན། དེང་རབས་ཀྱི་མཐོ་སྒང་སྐྱེ་དངོས་སྨན་རྫས་ཐོན་ལས་སློབ་གླིང་དང་གྲངས་ཀའི་རིག་གནས་ཡུལ་སྐོར་ཐོན་ལས་སློབ་གླིང་གཉིས་མཚོ་སྔོན་མི་རིགས་སློབ་ཆེན་དེར་དངོས་སུ་བཙུགས་ཤིང་། དེ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་སློབ་གསོ་སློབ་ཁྲིད་བཅོས་སྒྱུར་དང་། ཐོན་སློབ་མཉམ་འདྲེས་གཏིང་ཟབ་སྤེལ་བའི་ཕྱོགས་ལ་གོམ་པ་བརྟན་པོ་སྤོས་པའི་རྟགས་མཚན་ཡིན་ལ། སློབ་གྲྭ་དང་ཁེ་ལས་བར་མཉམ་ལས་དང་། ཚན་ཞིབ་གསར་གཏོད་བཅས་ཀྱི་འཕེལ་ཕྱོགས་དང་བསྟུན་པའི་དུས་རབས་ཀྱི་བླང་བྱ་ཞིག་ཀྱང་རེད། སློབ་གླིང་དེ་གཉིས་ཀྱིས་གཙོ་བོ་རང་ཞིང་གི་མཐོ་སྒང་སྐྱེ་དངོས་སྨན་རྫས་དང་། གྲངས་ཀའི་རིག་གནས་ཡུལ་སྐོར་གྱི་ཐོན་ལས་གོང་དུ་སྤེལ་བའི་བརྒྱུད་རིམ་ཁྲོད་ཀྱི་འགག་གནད་དང་། དཀའ་གནད། གྲོལ་དཀའ་བའི་གནད་དེ་སྔོག་འདོན་བཟང་བོ་བྱས་ཏེ། རྟོག་དཔྱད་ཞིབ་འཇུག་དང་ཚན་ཞིབ་གསར་གཏོད་ལ་སོགས་ཀྱི་བྱ་བ་སྤེལ་རྒྱུ་དང་། ཐོན་སློབ་མཉམ་སྤེལ་ལ་སྔར་ལས་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཕྱི་ནང་གི་ཁེ་ལས་བར་མཉམ་ལས་ཧུར་ཐག་བྱས་ནས་དགོས་མཁོ་དངོས་ཁྲིད་སྟོན་དང་། ལག་ལེན་དངོས་བཀོལ་སྤྱོད་བྱ་བ་དམིགས་འབེན་དུ་བཟུང་ནས་སློབ་གྲྭ་དང་ཁེ་ལས་བར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱུ། འཇོན་མི་སྐྱེད་སྲིང་བྱེད་སྟངས་གསར་གཏོད་བྱས་ཏེ་འཇོན་མི་སྐྱེད་སྲིང་གི་སྤུས་ཀ་ཇེ་ལེགས་དང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན། མི་མངོན་ནུས་ཤུགས་ཡོད་པ་དང་། རྨང་གཞི་ལེགས་པོ་ཅན། བསམ་བློ་ཡོད་མཁན་གྱི་གཞོན་ནུའི་འཇོན་མི་དཔུང་སྡེ་སྔོག་འདོན་བཅས་ཀྱི་བྱ་བ་གཙིགས་སུ་བཟུང་ནས་ཆུ་ཚད་མཐོ་བའི་སློབ་ཁྲིད་དང་ཚན་ཞིབ་དཔུང་སྡེ་རིམ་གྱིས་བསྐྲུན་རྒྱུ་རེད།མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་ཀྲའོ་ཧའེ་ཞིང་གིས་འདི་སྐད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་མགོ་ཁྲིད་འོག མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་སྔ་མོ་ནས་འཆར་ཇུས་བཟོས་ཤིང་། སྤོབས་པ་ཆེན་པོས་གསར་གཏོད་བྱས་ནས་སྔོན་ཐོན་བསླབ་ཚན་འཛུགས་སྐྱོང་དང་ཚན་ཞིབ་བྱ་བ་ཧུར་ཐག་གིས་བསྒྲུབས་པ་དང་། ན་གཞོན་འཇོན་མི་སྐྱེད་སྲིང་དང་འཇོན་མི་རྩེ་གྲ་ནང་འདྲེན་ལ་སོགས་ཀྱི་བྱ་བར་སྐུལ་འདེད་ཏན་ཏིག་བྱས་ནས་ཕན་འབྲས་ངེས་ཅན་ཞིག་ཐོབ། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་སྔར་བཞིན་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་སྤྱི་སྙིང་དུ་བཟུང་སྟེ། འཇོན་མི་སྐྱེད་སྲིང་དང་། ཚན་རིག་ཞིབ་འཇུག ལག་རྩལ་གསར་གཏོད། ཁེ་ལས་ཞབས་ཞུ། སློབ་མའི་ལས་གཏོད་ལ་སོགས་ལས་ཀར་ཕྱོགས་ཡོངས་ནས་ཤུགས་བསྣན་དང་། གོ་རིམ་ཧྲིལ་བོར་གཞི་གཅིག་ཅན་དང་དཔེ་སྟོན་རང་བཞིན་གྱི་མི་སྣ་སྐྱེད་སྲིང་གི་འཛུགས་སྐྱོང་དངོས་ལ་ཤུགས་བཏོན་ནས་ཐོན་སློབ་མཉམ་སྤེལ་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་དང་། ཐོན་ལས་ཀྱི་དགོས་མཁོར་འཚམ་ཞིང་གསར་གཏོད་ཀྱི་སྙིང་སྟོབས་མངའ་བ། ལག་ལེན་གྱི་ནུས་པ་ལྡན་པའི་འཇོན་མི་ཕུལ་བྱུང་གསོ་སྐྱོང་ལ་འབད་པ་བྱ་ངེས་ཞེས་བཤད།