བརྩམས་སྒྲུང«དྲན་ཤེས་མཚོ་མོའི་རྦ་རླབས»ཞེས་པ་པར་སྐྲུན་བྱས།

政务   2024-10-31 16:07   青海  

བཅད་ལྷུག་སྤེལ་མའི་བརྩམས་སྒྲུང«དྲན་ཤེས་མཚོ་མོའི་རྦ་རླབས»ཞེས་པ་པར་སྐྲུན་བྱས།

«དྲན་ཤེས་མཚོ་མོའི་རྦ་རླབས»ཞེས་པའི་བརྩམས་སྒྲུང་འདི་ནི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་བསོད་ནམས་ལགས་ཀྱིས་སྔ་རྗེས་སུ་སྙན་རྩོམ་ཕྱོགས་སྒྲིག་དང་ལྷུག་རྩོམ་ཕྱོགས་སྒྲིག བརྩམས་སྒྲུང་འབྲིང་གྲས་སོགས་དེབ་བཅུ་བརྩམས་གནང་རྗེས་ཀྱི་བརྩམས་ཆོས་གསར་པ་ཞིག་ཡིན་ཞིང་། འདི་ནི་ཁོང་གིས2020ལོར་བཅད་ལྷུག་སྤེལ་མའི་བརྩམས་སྒྲུང་རིང་གྲས«ཐག་རིང་ནས་བསུས་པའི་མནའ་མ»ཞེས་པ་པར་སྐྲུན་གནང་རྗེས་ཀྱི་བཅད་ལྷུག་སྤེལ་མའི་བརྩམས་སྒྲུང་གཉིས་པ་དེ་ཡིན་པ་རེད།

བརྩམས་སྒྲུང་འདིར་ཁྱོན་བསྡོམས་ལེའུ་བཅུ་བདུན་ཡོད་པ་ལས། རྩོམ་པ་པོས་ཆུང་དུས་འགྲིམས་པའི་འཇིག་རྟེན་འཚོ་བའི་ལམ་བུར་ཕྱིར་དྲན་བགྱིས་ཤིང་། རང་ཉིད་ཀྱི་སྐྱེད་མ་དང་རྨོ་བོ་ལགས་མི་སྣ་ཕལ་པའི་གནས་སུ་བཞག་ཐོག རང་ལ་ཤིན་ཏུ་བརྩེ་བའི་ཨ་ཞང་དང་རང་ཉིད་མི་སྣ་གཙོ་བོའི་ཁོངས་སུ་བཞག་ནས། ལོ་ཟླ་དུ་མའི་བྱ་བའི་བྱུང་རིམ་བཀོད་ཡོད་པ་དང་ཕྱོགས་མཚུངས། རང་གི་ཁྱིམ་ཚང་ཆུང་ངུའི་ངོས་ནས་སྐབས་དེའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་མི་རྣམས་ཀྱི་འཚོ་བ་ཇི་ལྟར་བསྐྱལ་ལུགས་རགས་རིམ་གྱིས་མཚོན་པར་གནང་འདུག

སྤྱིར་ན་ལྷ་སྒྲུང་ལྟ་བུའི་རྟོག་བཟོ་བྱས་པ་ཉུང་ཤས་ཕུད། བརྩམས་སྒྲུང་ཡོད་དོ་ཅོག་ནི་དངོས་ཡོད་འཚོ་བ་རྨང་གཞིར་བྱས་ཏེ། སྒྱུ་རྩལ་གྱི་རྒྱན་གོས་ལ་བརྟེན་ནས་བརྗོད་དོན་གྱིས་མི་ལ་སློབ་གསོ་ཐོབ་ཐབས་དང་། འཚོ་བའི་ཉམས་མྱོང་ལ་རོལ་དུ་འཇུག་པ། དགའ་སྐྱོ་ཆགས་སྡང་ལ་སོགས་པའི་སྣང་ཚུལ་སྣ་ཚོགས་ནས། སྐྱེ་བོ་ཀུན་གྱི་དགེ་སྐྱོན་ཡང་སྒྲུང་གཏམ་མི་སྣའི་གཏམ་སྤྱོད་དང་འབྲེལ་བ་བྱེད་ཐབས་ཀྱིས་དགེ་སྒྲུབ་སྐྱོན་སྤོང་གི་ནུས་པ་ཐོན་ཐབས་བྱེད་པ་བཞིན། འདས་དོན་དྲན་གསོའི་སྒྲུང་རྩོམ་འདིས་ཀྱང་གོང་སྨོས་དགེ་མཚན་དེ་ལྟར་ལྡན་པ་བགྱིས་འདུག


གཞན་ཡང་རྩོམ་པ་པོས་འདས་དོན་ཕྱིར་དྲན་བགྱིས་དོན་ནི། མི་ཚང་མར་དོན་སྙིང་ཆེ་འབྲིང་ཆུང་གསུམ་གྱི་འདས་དོན་ཡོད་པ་དག་ལ་སྒྱུ་རྩལ་གྱིས་བརྒྱན་ཏེ་གསར་རྩོམ་བྱ་རྒྱུར་དྲན་སྐུལ་དང་འགྲན་སློང་བྱས་པ་ཞིག་ཡིན་པ་དང་། ལྷག་པར་དུ་ལོ་ཟླ་དུ་མའི་སྔོན་གྱི་ཞིང་གྲོང་གི་མི་རྣམས་ཀྱིས་གོམ་པ་རིམ་བགྲོད་ཐོག་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ནས་འཚོ་བ་གསར་པ་ལོངས་སུ་སྤྱོད་རྒྱུ་བྱུང་བའི་དངོས་ཡོད་དྲངས་ཏེ། སྒྲུང་གཏམ་གྱི་ཁ་ཕྱོགས་དེ་དྲང་ནུས་ལྡན་པར་འགྱུར་བར་བགྱིས་པ་ནི། བཅོས་མ་མིན་པའི་བདེན་དོན་གསལ་བཤད་བྱས་པར་གྱུར་བས་མ་ཚད། སྒྲུང་གཏམ་འཆད་ཐབས་འདི་ནི་འཚོ་བ་དང་བར་ཐག་ཉེ་བར་བརྟེན་ནས་མིག་ངོར་འཇིག་རྟེན་ཁོར་ཡུག་དང་བྱེད་པོའི་སྣང་བརྙན་བཞེངས་པ་ཞིག་ཏུའང་གྱུར་འདུག

རྩོམ་པ་པོ་ངོ་སྤྲོད།

1985ལོ་ནས་རྩོམ་པ་པོ་བསོད་ནམས་ལགས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གསར་འགྱུར་ལས་དོན་པ་ཞིག་གནང་བ་ནས་བཟུང་། རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ལྟར་སྔ་རྗེས་སུ་གསར་འགོད་པ་དང་རྩོམ་སྒྲིག་པ། ཡིག་སྒྱུར་བ་སོགས་ཚགས་པར་གྱི་ལས་ཀའི་དགོས་འདུན་ལྟར་ས་མཐོའི་ཚགས་པར་བ་ཞིག་གནང་ཡོད། ཁོང་གིས་མ་བསྐུལ་རང་མོས་ངང་གསར་འགྱུར་འཕྲིན་རྩོམ་སྟོང་ཕྲག་ལས་བརྒལ་བ་བྲིས་ཏེ«བོད་ལྗོངས་ཉིན་རེའི་ཚགས་པར»དང་། «ཀྲུང་གོའི་བོད་ལྗོངས»སོགས་དུས་དེབ་དང་ཚགས་པར་ཐོག་གཏོང་སྤེལ་བྱས་པས། བརྩམས་ཆོས50ལྷག་ཙམ་ལ་སྔ་རྗེས་སུ་རྒྱལ་ཡོངས་དང་ཞིང་ལྗོངས་རིམ་པའི་བྱ་དགའ་ཐོབ་པ་དང་། ལྷག་དོན་དུ2009ལོར་ཁོང་རྒྱལ་ཡོངས་ཀྱི་གསར་འགྱུར་སྔོན་ཐོན་མི་སྣར་འདེམས་ཐོན་བྱུང་སྟེ་ལས་རིགས་དེའི་ཁྲོད་ནས་གྲགས་ཅན་མི་སྣའི་གྲས་སུ་གྱུར་ཡོད་པ་རེད།

རྒན་བསོད་ནམས་ལགས་ཀྱིས་རྩོམ་འབྲི་པར་སྐྲུན་གནང་བའི་དེབ་ཁག་གཅིག

2002ལོ་ནས་ད་བར་ཁོང་གིས་བརྩམས་པའི«བསོད་ནམས་ཞིང་གི་སྙན་དབྱངས»དང་། «རྩྭ་ཐང་མེ་ཏོག་གི་དྲི་ཞིམ།» «ཉམ་ཆུང་བུ་མོའི་ལས་དབང་།» «ས་མཐོའི་ཕུལ་བྱུང་མི་སྣ»དེབ་དང་པོ་དང་།གཉིས་པ། གསུམ་པ་བཅས། «ཆེད་རྩོམ་བློ་གསལ་དགའ་སྟོན»བཅས་དེབ་བཅུ་རྩོམ་འབྲི་པར་སྐྲུན་གནང་བ་དེ་དག་ནི་ཁོང་གིས་བོད་ཀྱི་རིག་གནས་བྱ་གཞག་གོང་འཕེལ་གཏོང་བར་ཕུལ་བའི་ལེགས་སྐྱེས་ཤིག་དང་། བོད་ཀྱི་ཤེས་ལྡན་པ་ཀུན་ལ་འཆད་རྩོད་རྩོམ་གྱི་སྒོ་མོར་འཇུག་པར་འགྲན་སློང་བྱས་པའི་མཚོན་ཚུལ་ཞིག བོད་ཀྱི་རིག་གནས་དར་རྒྱས་ཆེན་པོ་དང་འཕེལ་རྒྱས་ཆེན་པོ་ཡོང་བར་རང་ནུས་སྐྱེས་སུ་ཕུལ་བ་བཅས་ཀྱི་དཔང་རྟགས་གསོན་པོར་གྱུར་ཡོད་པ་རེད།

2020ལོར་རྒན་ཡོལ་མ་ཞུས་བར་དུ་བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གནང་མྱོང་ཡོད་ལ། བོད་ལྗོངས་དམངས་ཁྲོད་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་དང་། «གངས་ལྗོངས་རིག་གནས»དུས་དེབ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ཐུགས་འགན་བཞེས། རྒན་ཡོལ་ཞུས་རྗེས་སླར་ཡང་འབྲེལ་ཡོད་ཚན་པའི་བླང་བྱ་ལྟར། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»དཔྱད་གཏམ་མཁས་པའི་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པའི་ཐུགས་འགན་བཞེས།

མིག་སྔར་ཁོང་གིས་རང་ཉིད་ཀྱི་ཚེ་མཇུག་དེར་ད་དུང་འཚོ་བར་ཞིབ་འཇུག་གིས་མུ་མཐུད་ཀློག་པ་པོས་གཟིགས་འདོད་པའི་རྩོམ་རིག་གསར་རྩོམ་ལ་ཞུགས་བཞིན་ཡོད་པའོ།།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章