ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-10-30 08:22   青海  

གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་མགོ་བརྩམས་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་བཅོས་སྒྱུར་བརྟན་པོའི་ངང་ཡུན་རིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་བ་ནན་གྱིས་བཤད།

ཟླ10པའི་ཚེས29ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧྥིན་ལན་གྱི་ཙུང་ཐུང་སི་ཐུའུ་པུའུ(斯图布)དང་གྲོས་མོལ་གནང་།

ཟླ10པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི(柬埔寨)རྒྱལ་པོ་ཞི་ཧ་མོ་ཉི(西哈莫尼)ལ་གློག་འཕྲིན་བཏང་ནས་ཁོང་ཁྲིར་བཞུགས་ནས་ལོ20འཁོར་བར་རྟེན་འབྲེལ་ཞུ་བ་རེད།

ཟླ10པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙན་པི་ཡའི(赞比亚)ཙུང་ཐུང་ཞི་ཆི་ལའེ་མཱ(希奇莱马)གཉིས་ཀས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུས་བ་རེད།

རང་རྒྱལ་གྱིས་པེ་ཅིང་གི་དུས་ཚོད་ཚེས30ཉིན་གྱི་ཆུ་ཚོད4དང་སྐར་མ27སྟེང་ལྷ་གྲུ་ཨང་བཅུ་དགུ་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་བྱས་པ་དང་། དབྱིངས་སྐྱོད་ཚོགས་ཆུང་ནི་དབྱིངས་སྐྱོད་པ་ཚའེ་ཞུས་ཀྲེ་དང་། སུང་ལིང་ཏུང་། ཝང་ཧའོ་ཙེ་བཅས་ལས་གྲུབ་པ་རེད།

ལྷ་གྲུ་ཨང་བཅོ་བརྒྱད་པའི་དབྱིངས་སྐྱོད་ཚོགས་ཆུང་གིས་ལྷ་གྲུ་ཨང་བཅུ་དགུ་པའི་དབྱིངས་སྐྱོད་ཚོགས་ཆུང་དང་འཁོར་ལམ་བརྗེ་རེས་བྱས་རྗེས་ཟླ11པའི་ཚེས4ཉིན་ཤར་རླུང་འབབ་ཐང་ཕྱིར་ལོག་རྩིས་ཡོད་པ་རེད།

ཀྲུང་གོའི་མི་བཞུགས་དབྱིངས་སྐྱོད་བཟོ་སྐྲུན་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རང་རྒྱལ་གྱི་ཁག་བཞི་པའི་དབྱིངས་སྐྱོད་པ་སྦྱོང་བརྡར་བྱེད་མགོ་བརྩམས་ཡོད་པ་དང་། མ་འོངས་པར་མི་བཞུགས་ཟླ་བར་འཛེག་པའི་ལས་འགན་འཁུར་རྒྱུ་རེད།

ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱིས་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་མི་ཐེངས་དུང་ཕྱུར490.9ཟིན་ཡོད།

ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་རྩིས་ཁྲ་གཅིག་གིས་མ་དངུལ་སྒོར་དུང་ཕྱུར305བཏང་བ་དང་། མིག་སྔར་ཞིང་ཆེན18ཀྱིས་དཀའ་སྤྱད་ཀྱི་ཁྱབ་ཁོངས་གཉེན་ཉེ་བར་རྒྱ་ཆེར་བཏང་ཡོད།

ཚེས29ཉིན། ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ནས་ཨ་རི་སོགས་རྒྱལ་ཁབ་བཞི་ནས་ཐོན་པའི་ནང་འདྲེན་དབྱི་ཁྲུན་ཨན་ལ་མུ་མཐུད་དུ་ཆག་ཚོང་ལ་ངོ་རྒོལ་བྱེད་པའི་དཔྱ་ཁྲལ་བསྡུ་རྒྱུ་རེད།

སྤྱི་ཚོགས།

ཀྲུང་གོ་གནམ་གཤིས་ཅུ་ཡིས་སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་དགུན་དུས་སུ་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་རྒྱུན་གཏན་གྱི་དུས་མཚུངས་ལས་མཐོ་ཙམ་ཡོད་པ་དང་། འོན་ཀྱང་དུས་ཚིགས་ནང་དྲོད་གྲང་གི་འཕར་ཆག་མངོན་གསལ་ཡིན་ཏེ། གོ་རིམ་རང་བཞིན་གྱི་དྲོད་ཚད་དམའ་རུ་འགྲོ་ཉེན་ཆེ་བ་རེད།

ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ཉེ་ཆར་སྙན་ཞུ་ཁྱབ་བསྒྲགས་བྱས་པར་གཞིགས་ན། རང་རྒྱལ་གྱི་སྤྱི་དམངས་བཅུ་ཆ་དྲུག་ཡན་ལ་དམའ་རིམ་དང་དེ་ཡན་གྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་ལྡན་ཡོད་པ་རེད།

ཚེས29ཉིན། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་སྐབས34པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་། སྐབས18པའི་ཁྲང་ཅང་ཐའོ་ཧྥུན་བྱ་དགའི་དཔྱད་འདེམས་བྱས་འབྲས་ཡོངས་བསྒྲགས་བྱས་པ་རེད།

ཚེས29ཉིན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས་རྒྱལ་ཡོངས་སུ་སྨན་རྫས་ཟད་གྲོན་རྒྱུ་ཆའི་ཁུངས་འདེད་ཨང་རྟགས་ཀྱི་གྲངས་གཞི་དུང་ཕྱུར31.27གཅིག་སྡུད་བྱས་པ་དེ་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཁྲི29.68དང་འབྲེལ་བ་ཡོད་པ་ཁྱབ་བསྒྲགས་བྱས་པ་རེད།

ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་དེ2025ལོའི་ཟླ2པའི་ཚེས7ཉིན་ནས་ཚེས14ཉིན་བར་ཧའར་པིན་དུ་འཚོག་རྒྱུ་ཡིན་པ་དང་། མིག་སྔའི་བར་རྒྱལ་ཁབ་དང་ས་ཁུལ34ཡི་ལུས་རྩལ་པ1500ལྷག་ཙམ་གྱིས་མིང་ཐོ་བཀོད་ཡོད་པ་རེད།

རྒྱལ་ཁབ་ཀྱི་ཕིང་ཕང་སྤོ་ལོའི་སྤྱི་ཁྱབ་རྩལ་ཁྲིད་པ་ལི་ཁའེ་ཡིས་ཉེ་དུས་དཔུང་ཁག་གི་འགྲན་བསྡུར་གྱི་གྲུབ་འབྲས་འགྱུར་ལྡོག་ལ་ལན་བཏབ་ནས་འགྲན་བསྡུར་ཁྲོད་མངོན་པའི་གནད་དོན་ལ་དམིགས་ནས་རྩལ་སློབ་ཚོགས་ཆུང་གིས་ལྟ་སྟངས་ནན་མོ་འཛིན་པ་དང་དུས་ཐོག་ཏུ་ཕྱོགས་སྡོམ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་མདོ་དབུས་མཐོ་སྒང་གི་ཕུ་རོ་གངས་རིའི་འཁྱགས་རོམ་དུ་རིང་ཚད་སྨི324ཡོད་པའི་འཁྱགས་སྙིང་གསོར་བ་དང་། དེ་ནི་གོ་ལ་ཧྲིལ་པོའི་འཕྲེད་ཚད་དམའ་འབྲིང་གི་འཁྱགས་རོམ་རིང་ཤོས་ཀྱི་འཁྱགས་སྙིང་ཡིན་པ་རེད།

སྲིད་ཇུས།

ནོར་སྲིད་པུ་དང་། སློབ་གསོ་པུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་བཅས་ཀྱིས2024ལོ་ནས་བཟུང་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་མའི་རྒྱལ་ཁབ་སྦྱངས་འབྲས་བྱ་དགའི་མི་གྲངས་དེ་ལོ་ལྟར་ཁྲི6ནས་ཁྲི12བར་མང་དུ་གཏོང་རྒྱུ་དང་བྱ་དགའི་ཚད་གཞི་དེ་སློབ་མ་རེར་ལོ་རེར་སྒོར8000ནས་སྒོར10000བར་མཐོ་རུ་གཏོང་རྒྱུར་གཏན་འཁེལ་བྱས།

དམངས་སྲིད་པུས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ཏེ། ཁྲིམས་འགལ་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་འཁྲི་མི་སྣར་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར5000ཡན་ནས་སྒོར་ཁྲི2མན་གྱི་དངུལ་ཆད་འགེལ་ཆོག་པ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་སྒོར་ཁྲི2ཡན་ནས་སྒོར་ཁྲི10མན་གྱི་དངུལ་ཆད་འགེལ་ཆོག

པེ་ཅིང་གིས་ཡིག་ཆ་བཀྲམ་ནས་སློབ་གསོའིAppསློབ་གྲྭར་ཞུགས་སྐབས“ངེས་པར་དུ་ཞིབ་བཤེར་ནན་མོ་བྱེད་པའི”རྩ་དོན་མཐའ་འཁྱོངས་བྱས་ཏེ། སློབ་མ་དང་ཁྱིམ་བདག་ནས་འགྲོ་གྲོན་གང་ཡང་བསྡུ་མི་ཆོག་པ་དང་། སྐར་གྲངས་དང་སྦྱངས་འབྲས་ཟུང་འབྲེལ་བྱེད་མི་ཆོག་པ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད། ཞིན་ཅང་ལྷོ་རྒྱུད་ཀྱི་ལྷོ་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད། མཚོ་སྔོན་གྱི་དབུས་རྒྱུད་དང་ཤར་ལྷོའི་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་གངས་ཆུང་བའམ་ཡང་ན་གངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་དང་། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། ཧའེ་ནན་གླིང་ཕྲན་དང་ཐའེ་ཝན་གླིང་ཕྲན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་དབུས་རྒྱུད་དང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་དང་། ཧའེ་ནན་གླིང་ཕྲན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章