ཟླ9པའི་ཚེས10ཉིན་གྱི་སྔ་དྲོར། ཁྲིན་ཀང་ཐོག་མར་མཚོ་སྔོན་སློབ་ཆེན་གྱི་ཞིང་ཆེན་དང་པུའུ་ཡིས་མཉམ་འཛུགས་བྱས་པའི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་དང་མཐོ་སྒང་ཞིང་ཕྱུགས་ལས་རིགས་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་དུ་སོང་ནས། ཞིབ་འཇུག་གི་ཁ་ཕྱོགས་དང་ཚན་རིག་ཞིབ་འཇུག་གི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། དཔུང་ཁག་གི་ཁོངས་མི་རེ་རེར་ལག་འཇུ་བྱས། ཁྲིན་ཀང་གིས་ཚང་མར་བཤད་རྒྱུར། མཚོ་སྔོན་སློབ་ཆེན་གྱིས་ཆིན་ཧྭ་སློབ་ཆེན་སོགས་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་ཆེན་དྲུག་གི་དུས་ཡུན་རིང་པོ་དང་སྒེར་སེམས་མེད་པ། ཤུགས་ཆེན་པོའི་རྒྱབ་སྐྱོར་འོག་ཁོངས་བརྒལ་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། མཚོ་སྔོན་གྱི་སློབ་གསོ་དང་ཚན་རྩལ། འཇོན་མི་སོགས་ཕྱོགས་ནས་གསེར་གྱི་སྒོ་བྱང་ལྟ་བུར་གྱུར་ཡོད། མིག་སྔར། མཚོ་སྔོན་གྱིས་ལོ་རྒྱུས་སྟེང་གི་ཆེས་ལེགས་པའི་འཕེལ་རྒྱས་དུས་སྐབས་བསུས་ཡོད་པས། གོ་སྐབས་དམ་འཛིན་བྱས་ཏེ་ཁྱད་ལྡན་གྱི་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཞིབ་འཇུག་གི་དགེ་མཚན་ལ་གཞི་བཅོལ་ནས། ཚྭ་མཚོའི་ཐོན་ཁུངས་དང་དག་གཙང་ནུས་ཁུངས། མཐོ་སྒང་གསོ་རིག་སོགས་ཁྱད་ལྡན་དགེ་མཚན་གྱི་རིག་ཚན་འབད་པས་བསྐྲུན་པ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་ཞིང་ཆུ་ཚད་མཐོ་བའི་སློབ་ཆེན་ཞིག་བསྐྲུན་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་འབུལ་དགོས།
མགོ་ལོག་གི་ཟི་ལིང་མི་རིགས་སློབ་འབྲིང་དུ། སློབ་མགོ་བརྩམས་པའི་ལུས་རྩལ་ར་བར་སློབ་གྲྭའི་དམག་སྦྱོང་གི་རྣམ་པས་གསོན་ཤུགས་རྒྱས་པར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་ཟླ་དྲུག་པར་གནས་འདིར་གཟིགས་ཞིབ་མཛད་མྱོང་། ཁྲིན་ཀང་བསམ་བློ་ཆབ་སྲིད་བྱ་བའི་གཞུང་སྒྲུབ་ཁང་དུ་སོང་སྟེ། བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་ཞིབ་འཇུག་བགྲོ་གླེང་བྱེད་སྒོར་ལྟ་ཞིབ་བྱས་པ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཁྲིད་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་ཉན། ཁྲིན་ཀང་གིས་བཤད་རྒྱུར། སྤྱོད་བཟང་མི་སྐྱོང་བྱ་བ་ཨང་དང་པོར་བཞག་སྟེ། དཔེ་ཁྲིད་མི་སྐྱོང་བྱ་བ་དེ་འགན་འཁྲི་དང་པོར་བརྩི་བ་དང་། ན་གཞོན་སློབ་མའི་རེ་འདུན་ལ་དོ་སྣང་བྱེད་དགོས། ཕྱོགས་ཆུང་ངུ་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་གཙིགས་ཆེན་དུ་བཟུང་སྟེ། བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་གཏིང་ཟབ་ཏུ་བྱེད་པ་དང་། གོ་དོན་མཐིལ་རྟོགས་བྱེད་པ་དང་སློབ་མའི་སེམས་སུ་འཇགས་པར་བྱེད་དགོས། གཞི་གྲངས་ཆེན་མོ་དང་དཔེ་གཞི་ཆེན་མོ། མིས་བཟོས་རིག་ནུས་ཀྱི་ལག་རྩལ་བཀོལ་སྤྱོད་བྱེད་པར་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སློབ་གསོ་དང་སློབ་ཁྲིད་བྱེད་ཐབས་སྔར་ལས་ལེགས་སྒྱུར་དང་། སློབ་ཁྲིད་ཀྱི་ནང་དོན་སྔར་ལས་ལྷག་པར་དོན་དངོས་དང་མཐུན་པ་དང་འཚོ་བ་དང་ཉེ་བར་བྱས་ནས། བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་ཁ་གཏད་རང་བཞིན་དང་ཡིད་འགུག་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། དེའི་རྗེས་སུ། ཁྲིན་ཀང་མཐོ་འབྲིང་ལོ་རིམ་གཉིས་པའི་གཞུང་སྒྲུབ་ཁང་དུ་སོང་སྟེ། དགེ་རྒན་གྱི་འཐུས་མི་ཞའོ་ཧྥེ་ཞུའེ་དང་ལྷན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་བའི་མངགས་བཅོལ་དང་བསླབ་བྱ་ཟབ་མོར་ཕྱིར་དྲན་ཐེངས་ཤིག་བྱས། ཁྲིན་ཀང་གིས་ཞའོ་ཧྥེ་ཞུའེ་ལ་སློབ་གསོ་པའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། སློབ་མས་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅངས་པར་སྣེ་ཁྲིད་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ་དང་། ཀུན་སྤྱོད་དང་ཤེས་རིག ལུས་རྩལ་དང་མཛེས་དཔྱོད། ངལ་རྩོལ་བཅས་ཁྱོན་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས་པའི་སྐུལ་མ་བཏང་།
ཝུའུ་ཞའོ་ཅུན་མཚོ་སྔོན་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་དུ་སོང་སྟེ། སློབ་གྲྭའི་འཕེལ་རྒྱས་བརྒྱུད་རིམ་དང་། འཇོན་མི་གསོ་སྐྱོང་། མཉམ་ལས་བརྗེ་རེས་སོགས་ཀྱི་གནས་ཚུལ་ལ་ཞིབ་ཏུ་ཉན་པ་དང་། འཛུགས་སྐྲུན་དང་ཆུ་བེད་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་དཔུང་ཁག་དང་ཕུལ་བྱུང་དགེ་རྒན་གྱི་འཐུས་མི་ལིས་མེན་ཡན་ལ་འཚམས་འདྲི་བྱས་ཤིང་། ལས་རིགས་སློབ་གསོའི་སྐབས་བསྟུན་རང་བཞིན་རྒྱུན་མཐུད་ངང་ཇེ་དྲག་ཏུ་བཏང་སྟེ། སློབ་ཁྲིད་བྱེད་ཐབས་གསར་གཏོད་དང་། སློབ་ཁྲིད་སྤུས་ཚད་ཇེ་མཐོར་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་ལེའུ་རྩོམ་པར་འཇོན་མི་དང་རྩལ་ནུས་ཀྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན། དེའི་རྗེས་སུ། ཝུའུ་ཞའོ་ཅུན་ཟི་ལིང་གྲོང་ཁྱེར་ནན་ཁྲོན་སློབ་ཁུལ་གྱི་སློབ་འབྲིང་གཉིས་པར་སོང་སྟེ། ཡུལ་དངོས་ནས་འཕེལ་རྒྱས་འཆར་གཞི་དང་སློབ་རའི་འཛུགས་སྐྲུན། སློབ་བསྡུ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། སློབ་གྲྭའི་མགོ་ཁྲིད་ཚན་ཁག་དང་ཕུལ་བྱུང་དགེ་རྒན་གྱི་འཐུས་མི་ཅཱང་ཨན་ཁྲིན་དང་བཞུགས་མོལ་བརྗེ་རེས་བྱས་ནས། སློབ་གསོའི་སྡེ་ཚོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། སྤུས་ལེགས་སློབ་གསོའི་ཐོན་ཁུངས་འདོན་སྤྲོད་ཀྱི་ཤུགས་ཚད་ཇེ་ཆེར་བཏང་ནས། མི་དམངས་མང་ཚོགས་ཀྱི་སློབ་གྲྭ་ལེགས་པོ་ཞིག་ཏུ་སློབ་གཉེར་བྱེད་པའི་རེ་འདུན་བཟང་པོ་དང་མཐུན་པར་བྱེད་པའི་རེ་བ་བཏོན་པ་དང་། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་གསོ་སྐྱོང་བྱེད་པའི་ཐོག་མའི་འགན་འཁྲི་དུས་ནམ་ཡང་སེམས་ལ་བཟུང་སྟེ། ཤུགས་ཆེན་པོས་སློབ་གསོ་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཕུགས་འདུན་ཡིད་རྟོན་ཡོད་ཅིང་། སྤྱོད་ཡོན་གཉིས་དང་ལྡན་པ། མི་སྐྱོང་བློ་གྲོས་འཛོམས་པ། ཆེད་ལས་བྱང་རྩལ་མཐོ་བ། བྱམས་པའི་སེམས་དང་ལྡན་པའི་དགེ་རྒན་བཟང་པོ་ཞིག་བྱས་ནས། མཚོ་སྔོན་གྱི་སློབ་གསོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་ཆེད་བྱས་རྗེས་གསར་པ་འཇོག་རྒྱུའི་སྐུལ་མ་བཏང་།
ལིའུ་ཆི་ཧྥན་གྱིས་ཕུལ་བྱུང་དགེ་རྒན་གྱི་འཐུས་མི་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཚང་མ་བློ་རྩ་བརྟན་པའི་ཕུགས་འདུན་ཡིད་རྟོན་གྱི་སྣེ་ཁྲིད་པ་བཟང་པོ་ཞིག་བྱས་ཏེ། སློབ་གསོའི་འདེགས་གཞི་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། དྲིན་ཚོར་སློབ་གསོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོ། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བའི་སློབ་གསོ་བཅས་ལ་ཤུགས་སྣོན་པར་འབད་ནས། རྒྱ་ཆེའི་སློབ་མ་རྣམས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་པ་ཚད་ལྡན་ཞིག་དང་བློ་གཏད་ཆོག་པའི་རྒྱུན་འཛིན་པར་འགྱུར་བར་བྱེད་དགོས། སེམས་ཞིབ་མོས་དཔེ་ཁྲིད་མི་སྐྱོང་བྱེད་པའི་སོན་འདེབས་མཁན་ལེགས་པོ་ཞིག་བྱས་ཏེ། སློབ་མའི་ཁྱོན་ཡོངས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་དང་། སློབ་གསོའི་སྒྲིག་སྲོལ་དང་སློབ་མའི་འཚར་ལོངས་ཆོས་ཉིད་ཀྱི་ངོས་འཛིན་ཤུགས་དྲག་ཏུ་གཏོང་བ། སློབ་གསོའི་ལག་ལེན་དང་གསར་གཏོད་ཀྱི་བྱེད་སྒོ་ཧུར་ཐག་གིས་སྤེལ་བ། སློབ་མའི་རང་འགུལ་བསམ་པ་དང་གསར་གཏོད་བསམ་པར་དོ་སྣང་བྱས་ཏེ། སློབ་མར་གསར་གཏོད་ཀྱི་བསམ་བློ་དང་ལག་ལེན་གྱི་ནུས་པ་ལྡན་པར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པའི་དུས་རབས་ཀྱི་མི་གསར་རུ་འགྱུར་བར་བྱེད་དགོས། སྒེར་སེམས་མེད་ཅིང་ཐུགས་ཁུར་གཅེས་སྐྱོང་གནང་བའི་དགེ་རྒན་བཟང་པོ་ཞིག་བྱས་ཏེ། སློབ་ཁྲིད་བྱེད་པར་དགའ་ཞིང་སློབ་ཁྲིད་བྱེད་པར་སྤྲོ་བ། ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་མི་གསོ་སྐྱོང་བྱེད་པ། བསམ་བློ་དང་སློབ་སྦྱོང་ཐད་ནས་སློབ་མར་བླང་བྱ་ནན་མོ་འདོན་པ། སློབ་མའི་ཁྱད་གཤིས་ལ་བརྩི་བཀུར་དང་སློབ་མའི་རང་གཤིས་དཀྱེལ་ཡངས། སློབ་མའི་ནུས་པར་ཡིད་ཆེས་བྱས་ནས། སློབ་མ་རྣམས་བཟོད་སྒོམ་དང་ཞི་འཇམ། རེ་བས་ཁེངས་པའི་ཁོར་ཡུག་ཁྲོད་དུ་འཚར་ལོངས་དང་ཡར་ཐོན་ཡོང་བར་བྱེད་དགོས།
ཝང་ཏ་ནན་དང་ཀྲུའུ་ཞང་ཧྥིན། དབྱང་ཀྲི་ཝུན་བཅས་འཚམས་འདྲིར་ཞུགས།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།
རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/格日加布
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།