གསར་འགྱུར་གལ་ཆེན།
➤ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་ཀྱི“དབྱང་ཧྲུའུ་སྒྲོག་འགྲེལ”གྱི་བློ་མཐུན་ཡོངས་ལ་འཕྲིན་ལན་སྤྲིངས་ཏེ་མི་དམངས་གྱི་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་པ་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཆེད་འཛུགས་པ། ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་མཉམ་སྐྲུན་དང་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད་པ་བཅས་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་།
➤ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར9289.8བཏང་ཞིང་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད།
➤ཚེས4ཉིན་ནོར་སྲིད་པུ་སོགས་སྡེ་ཚན་མང་པོས་བརྡ་ཐོ་བཏང་ནས་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་གྱི་དངུལ་བུན་གྲངས་ཚད་མང་དུ་བཏང་བ་དང་དངུལ་བུན་གྱི་སྐྱེད་ཀ་དམའ་རུ་བཏང་ཡོད་ཟེར།
➤ད་ལོའི་དུས་ཚིགས་གསུམ་པར་རྒྱལ་ཡོངས་ཀྱི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འཛད་སྤྱོད་པ་དཔལ་འབྱོར་གྱོང་གུན་སྒོར་ཁྲི45559ལས་གཡོལ་ཐབས་བྱས།
➤ཀྲུང་གོ་འགན་བཅོལ་ལས་རིགས་མཐུན་ཚོགས་ཀྱི་ཆ་འཕྲིན་གསར་ཤོས་ལ་གཞིགས་ན། 2023ལོར་འགན་བཅོལ་ལས་རིགས་ཀྱིས་གྲོང་གསེབ་ཀྱི་རྒྱུ་ནོར་འགན་ལེན་ལ་ཉེན་ཁའི་འགན་ལེན་སྒོར་དུང་ཕྱུར་ཁྲི7.71བྱས་ཡོད།
➤2024ལོའི་ལོ་སྨད་ཀྱི་དམག་དཔུང་དུ་ཐད་ཀར་དམག་མི(ཉེན་རྟོག་པ)འདེམ་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་མགོ་ཚུགས་པ་དང་ཚེས11ནས17ཉིན་བར་དྲ་ཐོག་ནས་མིང་ཐོ་འགོད་ཆོག
➤ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱིས་རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་ལ་ཁ་གསབ་ངོ་རྒོལ་བྱེད་པའི་མཐའ་མའི་ཁྲུན་གཅོད་བྱེད་ཐབས་དེ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞི་ཐག་གཅོད་ལམ་སྲོལ་ལ་ཞུ་གཏུག་རྒྱག་རྒྱུ་རེད།
➤ཚེས4ཉིན། ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་བར་སྣང་ཚན་རིག་ཚོད་ལྟ་ཁག་བདུན་པའི་མ་དཔེ་ལྷ་གྲུ་ཨང་བཅོ་བརྒྱད་པའི་འཕུར་གྲུ་དང་མཉམ་དུ་བདེ་བླག་ངང་ཕྱིར་ལོག དེ་ནི་ཚན་རིག་ཚོད་ལྟའི་རྣམ་གྲངས28དང་འབྲེལ་བ་ཡོད་པ་དང་སྤྱིའི་ལྗིད་ཚད་ལ་སྤྱི་རྒྱ34.6ཙམ་ཡོད།
སྤྱི་ཚོགས།
➤ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཚེས5ནས་ཚེས6ཉིན་གྱི་ཞོགས་པའི་བར། དྲོད་ཚད་དམའ་ཤོས་ཀྱི་ཐིག་སྟེ0℃ཐིག་དེ་ཧྭ་བྱང་གི་བྱང་རྒྱུད་ནས་ཧྲའན་ཞིའི་དབུས་བྱང་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད་བཅས་བར་སླེབས་རྒྱུ་རེད།
➤ད་ལོའི་མཚོ་རླུང་ཨང22པ་སྟེ། “ཁམ་དཀར”ཐོན་པ་དང་། ཚེས4ཉིན་གྱི་ཕྱི་དྲོར་ཚ་ཁུལ་གྱི་རླུང་ནག་ཏུ་གྱུར་ཡོད། མ་འོངས་པར་མུ་མཐུད་དུ་ཤུགས་ཆེར་འགྲོ་རྒྱུ་དང་འབྲེལ་ལྷོ་རྒྱ་མཚོར་སླེབས་སྲིད།
➤ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རིམ་པ་ཁག་གི་དམངས་སྲིད་སྡེ་ཚན་གྱིས་ཁྱོན་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས659ལ་ཁྲིམས་ལྟར་ཐག་གཅོད་བྱས་པའི་ནང་། “ཀྲུང་གོའི་སློབ་སྐྱོར་མནའ་འབྲེལ”དང“ཀྲུང་གོའི་སྤུས་ལེགས་ཁེ་ལས་བརྟག་ཞིབ་གདེང་འཇོག་ཨུ་ཡོན་ལྷན་ཁང”སོགས་ཚུད་ཡོད།
➤ཉིན་ཤས་གོང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ངོས་ནས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་དེ་སྔའི་རྒྱུན་ཨུའམ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཆིན་རུའུ་ཕེ་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།
➤ཉེ་ཆར། མིས་བཟོས་ཉི་མའི“ཀྲུང་གོའི་འཁོར་རྒྱུན་ཨང་གསུམ་པའི”རེས་སྐོར་གསར་པའི་དངོས་ཁམས་ཚོད་ལྟ་བྱེད་མགོ་ཚུགས་པ་དང་། ཀྲུང་གོ་ཉིང་རྡུལ་ཚོགས་པའི་ཚན་ཞིབ་ཚོགས་པས་རང་བརྟེན་ཞིབ་བཟོ་བྱས་པའི་གྲངས་འཛིན་མཚེ་སྐྱེས་མ་ལག་ཐོག་མར་སྤྱོད་མགོ་ཚུགས།
➤ཚེས4ཉིན་ཝུའུ་ཧན་ཤར་ནུབ་མཚེའུ་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ལེང་ཕིན་ཚོང་ཁང་ལ་མི་གཞན་གྱིས“རྒྱུ་ཆའི་གསལ་ཐོ་རྫུན་མ་བཟོས་པའི”ཐེར་འདོན་བྱས་པར་དམིགས་ཏེ་གྱོད་དོན་ཐོ་འགོད་ཀྱིས་བརྟག་དཔྱད་བྱས་པ་དང་འབྲེལ་བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ཐག་གཅོད་བྱེད་དགོས་པའི་བརྡ་ཁྱབ་བཏང་།
➤པེ་ཅིང་ཡན་ཆིང་ཨོ་ལིམ་ཕིག་གླིང་ཁུལ་གྱི2024-2025ཡི་ཁ་བའི་དུས་ཚིགས་དེ་ཟླ11པའི་ཚེས18ཉིན་ནས2025ལོའི་ཟླ3པའི་ཚེས18ཉིན་བར་རྒྱུན་མཐུད་བྱ་རྒྱུ་དང་ཁྱོན་ཉིན120ཟིན་རྒྱུ་རེད།
➤དེ་རིང་ས་སྲོད་ཀྱི་དུས་སུ། གལ་ཏེ་གནམ་གཤིས་ལེགས་ན། རང་རྒྱལ་གྱི་སྤྱི་དམངས་ཀྱིས་ནམ་མཁའི་ལྷོ་ནུབ་ཕྱོགས་སུ་གཤམ་གྱི་པར་རིས་ཐོག་གི་ཟླ་བར་གཟིགས་ཐུབ།
སྲིད་ཇུས།
➤པེ་ཅིང་གིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས་ཟླ11པའི་ཚེས16ཉིན་ནས་བཟུང་པེ་ཅིང་གི་གཞུང་བཙུགས་སྨན་བཅོས་སྒྲིག་གཞིས་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས19ལེགས་སྒྲིག་བྱ་རྒྱུ་དང་འབྲེལ་སྨན་སྤྱོད་གཤགས་བཅོས་ཀྱི་ཟད་གྲོན་རྒྱུ་ཆ་གཉིས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ལས་རྨས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་ནང་འཇུག་རྒྱུ་རེད།
➤ཀོང་ཏུང་གིས་རང་བྱུང་གནོད་འཚེའི་རོགས་སྐྱོབ་གྱི་འཕྲལ་སྡོམ་སྔོན་ཇུས་བཟོ་བཅོས་བརྒྱབ་པ་དང་། རང་བྱུང་གནོད་འཚེ་ཐོན་རྗེས་ཆུ་ཚོད2ནང་ཚུན་དུ་གོང་རིམ་ལ་སྙན་སེང་ཞུ་དགོས།
➤སི་ཁྲོན་གྱིས་བྱ་ཐབས་བཏོན་ནས་སྔོན་བཟོས་ཚལ་གྱི་བཟའ་བཅའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱས་ཏེ། ད་ལྟ་བཟོས་ནས་ད་ལྟ་འཚོང་བའི་ཟས་རིགས་ལྔ་སྔོན་བཟོས་ཚལ་གྱི་ཆོག་འཐུས་ཁྱབ་ཁོངས་ནང་འཇུག་རྒྱུ་མིན་པ་ཁ་གསལ་བཏོན།
དེ་རིང་གི་གནམ་གཤིས།
➤བོད་ལྗོངས་ཀྱི་དབུས་རྒྱུད་དང་ཤར་རྒྱུད། ཁྲོན་ནུབ་ས་མཐོ། ཧེ་ལུང་ཅང་གི་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་ཙམ་ནས་འབྲིང་ཙམ་མམ་ཁ་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་དུ་བོད་ལྗོངས་ཀྱི་དབུས་རྒྱུད་དང་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་ནས་ཁངས་ཆག་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད་དང་། ཡུན་ནན་གྱི་དབུས་བྱང་རྒྱུད། སི་ཁྲོན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཁྲུང་ཆིན་གྱི་དབུས་ཤར་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད། ཀོང་ཞིའི་ལྷོ་རྒྱུད་ཀྱི་མཚོ་རྒྱུད། ཀོང་ཏུང་གི་ལྷོ་ནུབ། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཙམ་ནས་འབྲིང་ཙམ་བར་འབབ་རྒྱུ་རེད།
ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/冷公加
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系