ཡའོ་མིང་གིས་ལས་གནས་འདི་ནས་དགོངས་པ་ཞུས།

政务   2024-11-01 16:32   青海  

ཟླ10པའི་ཚེས31ཉིན། སྐབས་བཅུ་པའི་ཀྲུང་གོའི་ལག་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་ཚོགས་འདུ་འཚོགས་ནས། ཡའོ་མིང་གིས་ཀྲུང་གོའི་ལག་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་གོ་གནས་ནས་དགོངས་པ་ཞུ་རྒྱུའི་རེ་ཞུ་ཕུལ་བར་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ་དང་། ཀུའོ་ཀྲེན་མིང་སྐབས་གསར་པའི་ཀྲུང་གོའི་ལག་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིར་བདམས་ཡོད།

ཡའོ་མིང་གིས། ཀྲུང་གོའི་ལག་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་བའི་བརྒྱུད་རིམ་འདི་ཧ་ཅང་རྩ་ཆེན་ཡིན་ཏེ་བློ་སྐྱེད་མང་པོ་ཞིག་བྱུང་། བློ་ཕམ་དགོས་པ་ཞིག་ནི་རྒྱལ་ཁབ་རུ་ཁག་གི་གྲུབ་འབྲས་དང་མངོན་ཚུལ་དེ་སྔོན་དཔག་གི་ཚད་གཞིར་སླེབས་ཐུབ་མ་སོང་། སྐབས་འདི་འདྲ་ཞིག་ལ་ཀྲུང་གོའི་ལག་རྩེད་སྤོ་ལོའི་མཐུན་ཚོགས་ནས་ཁ་བྲལ་དོན་ནི་གཙོ་བོ་ཀྲུང་གོའི་ལག་རྩེད་སྤོ་ལོའི་འབྱུང་འགྱུར་ལ་བསམ་གཞིགས་བྱས་པ་ཞིག་ཡིན་ཞེས་བརྗོད་ཡོད། སྒྲིག་ཡིག་ལྟར་ན། ཡའོ་མིང་གི་སྐབས་གཉིས་པའི་འགན་ཡུན་ད་དུང་ལོ་གཉིས་ཙམ་ཡོད་མོད། ཁོང་ནས་མགོ་ཁྲིད་ཚན་པ་གསར་པས་ལས་དོན་དེ་བས་ཡག་པ་སྤེལ་རྒྱུར་སྟབས་བདེ་བསྐྲུན་ཆེད་ཁོང་ཚོར་ཨོ་རྩལ་འགྲན་ཚོགས་ཀྱི་དུས་འཁོར་ཆ་ཚང་ཞིག་འཇོག་ཐུབ་པའི་རེ་བ་བྱས་པ་ཞིག་ཡིན།

ཡའོ་མིང་གིས། ལས་གནས་ནས་དགོངས་པ་ཞུ་རྒྱུའི་ཐག་བཅད་པ་ནི་བསམ་གཞིགས་ནན་ཏན་བྱས་པ་ཞིག་ཡིན་ཏེ། ཀྲུང་གོའི་ལག་རྩེད་སྤོ་ལོའི་བྱ་གཞག་གོང་འཕེལ་ལ་བསམ་གཞིགས་དང་མི་སྒེར་གྱི་འཆར་འགོད་ལ་གཞིགས་ནས་ཐག་བཅད་པ་ཞིག་ཡིན་ཞེས་བརྗོད་ཡོད། ཁོང་གིས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་ཀྲུང་གོའི་ལག་རྩེད་སྤོ་ལོའི་མཐུན་ཚོགས་ལག་བསྟར་ཨུ་ལྷན་གྱིས་རང་ཉིད་ལ་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལག་རྩེད་སྤོ་ལོའི་ཁྱིམ་ཚང་ཆེན་མོས་ཐུགས་ཁུར་གནང་བར་ཡང་ཐུགས་རྗེ་ཆེ་ཞུས་ཡོད།

ཡའོ་མིང་གིས། འདས་མ་ད་གསུམ་གྱི་དུས་གང་ཞིག་ཡིན་རུང་། ལག་རྩེད་སྤོ་ལོ་ནི་ངས་ཐོག་མཐའ་བར་གསུམ་དུ་དགའ་ཞེན་བྱེད་པའི་བྱ་གཞག་ཅིག་ཡིན། སླད་ཕྱིན་ཚང་མས་ང་དང་མཉམ་དུ་ཀྲུང་གོའི་ལག་རྩེད་སྤོ་ལོར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་ཡོད།

ཡའོ་མིང་གིས། ངས་ལག་རྩེད་སྤོ་ལོར་བཅངས་པའི་དགའ་ཞེན་ལ་འགྱུར་བ་གཏན་ནས་བྱུང་མྱོང་མེད། ཀྲུང་གོའི་ལག་རྩེད་སྤོ་ལོའི་གོང་འཕེལ་དེ་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད། དཔེར་ན། རྒྱལ་སྤྱིའི་སྤེལ་རེས་དང་སྤྱི་ཕན། གཞོན་ནུ་ལོ་ཆུང་གི་གསོ་སྦྱོང་། ཐོན་ལས་ཞིབ་འཇུག རིག་གནས་སོགས་མང་པོ་ཡོད། འབྱུང་འགྱུར་རང་ཉིད་ལ་བྱ་ཐབས་གཞན་གྱི་ཐོག་ནས་ལག་རྩེད་སྤོ་ལོར་ཞུགས་པའི་གོ་སྐབས་ཧ་ཅང་མང་པོ་ཡོད་ཅེས་བརྗོད་ཡོད།

ཀུའོ་ཀྲེན་མིང་གིས། ཀྲུང་གོའི་ལག་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་མཐུད་རྒྱུག་དབྱུག་པ་དེ་ནི་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཡིན་ལ་དེ་བས་ཀྱང་གཟི་བརྗིད་ལྡན་པའི་ལས་འགན་ཞིག་རེད་ཅེས་བརྗོད་ཡོད། ཁོང་གིས། ང་ཚོས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་མཛུབ་ཁྲིད་འོག ལག་རྩེད་སྤོ་ལོ་བ་ཡོངས་དང་མཉམ་དུ་སེམས་ཤུགས་གཅིག་སྒྲིལ་གྱིས་ལག་རྩེད་སྤོ་ལོའི་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། “སྤོ་ལོ་ཆེན་པོ་གསུམ”གྱི་དར་རྒྱས་དང་ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད།


ཡའོ་མིང་གིས་ལག་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་བའི་ལོ་བདུན་གྱི་སྐོར་ཞུས་ན།
2017ལོའི་ཟླ2པའི་ཚེས23ཉིན། ཡའོ་མིང་ཀྲུང་གོའི་ལག་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིར་བདམས།
ཁོང་གིས་འགན་འཁུར་བའི་ལོ7ནང་། ཀྲུང་གོའི་བུད་མེད་ལག་རྩེད་སྤོ་ལོར2018ལོའི་ཅ་ཁར་ཐའི་ཨ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་དང་། 2018ལོའི་འཛམ་གླིང་བུམ་པའི་ཨང་དྲུག་པ། 2022ལོའི་འཛམ་གླིང་བུམ་པའི་ཨང་གཉིས་པ། 2022ལོའི་ཧང་ཀྲོའུ་ཨ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ། 2023ལོའི་ཨ་ཤེ་ཡ་བུམ་པའི་ཨང་དང་པོ་བཅས་ཐོབ་ཡོད། དེ་དག་གི་ཁྲོད་ནས། ཀྲུང་གོའི་བུད་མེད་ལག་རྩེད་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་སྡུར་གྱི་ཨང་གཉིས་པ་ཐོབ་པ་དེ་ནི་བུད་མེད་ཀྱི་ལག་རྩེད་སྤོ་ལོའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་དང་གཅིག་མཚུངས་ཡིན། ཀྲུང་གོའི་སྐྱེས་པའི་ལག་རྩེད་སྤོ་ལོའི་རུ་ཁག་ལ2018ལོའི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་དང2022ལོའི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཨང་གསུམ་པ་ཐོབ་ཡོད། 2019ལོ་དང2023ལོའི་འཛམ་གླིང་བུམ་པ་སྐབས་གཉིས་ཀྱི་འགྲན་སྡུར་ནང་ཚོགས་ཆུང་འགྲན་སྡུར་ལས་དོན་ཐོབ་མེད། 2020ལོའི་ཐོ་ཁེའུ་ཨོ་རྩལ་འགྲན་ཚོགས་དང2024ལོའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་བསྐལ་བ་ཐོབ་མེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章