མིང་དང་ཐེལ་ཚེ་བཟང་བའི་གོང་གི་སྤྲུལ་སྐུ་རྣམ་པར། །
རྒྱ་གྲོང་ཉུལ་བའི་མི་འཁྱམ་མི་འགྱུར་ངེས་པར་མི་འདུག །
རླངས་འཁོར་བཟང་པོ་སྐོར་ནས་རྒྱ་མོ་བོད་མོ་མ་ཁྲིད། །
བསྟན་པའི་འགན་ཁུར་བླངས་ནས་གཞན་ཕན་བྱ་བ་སྒྲུབ་རོགས། །
གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་བྱས་པའི་མཁན་པོ། །
ཨ་མ་རྒན་མོའི་གཟའ་ཟླ་མི་འགྱུར་ངེས་པར་མི་འདུག །
མི་ལ་ཁ་བཤད་བྱེད་ནས་མི་སྔོན་ཡིན་མདོག་མ་བྱས། །
རང་བློ་ནང་དུ་འཁོར་ནས་རང་གིས་རང་སེམས་བཅོས་རོགས། །
ལོ་གསུམ་མཚམས་དུ་བཞུགས་ནས་གྲངས་མེད་བསྙེན་པ་བགྲང་ཡང་།
ངན་སེམས་ཅན་གྱི་གདུག་འདྲེ་མི་སྐྱེ་ངེས་པར་མི་འདུག །
ཤི་གསོན་གྲངས་མེད་མགོ་ལ་དབང་བསྐུར་བྱེད་པ་མ་སྔ། །
ཐོག་མར་དབང་གི་དམ་ཚིག་ཚུལ་བཞིན་ངེས་པར་བྱེད་རོགས། །
ཆོས་གྲྭ་འགྲིམ་པའི་གྲྭ་ཆུང་ལོ་ཤས་རིག་གནས་སྦྱང་ཡང་། །
བཅུ་ཕྲག་རིག་གཞུང་རྒྱ་མཚོར་རྒྱུས་ལོན་ངེས་པར་མི་འདུག །
མི་ལ་ཡོན་ཏན་ཡོད་མེད་དགག་སྒྲུབ་བྱེད་པ་མ་མང་། །
ཐོག་མ་རང་གི་རིག་གཞུང་རྒྱུད་ལ་ངེས་པར་བྱེད་རོགས། །
ཉམ་ཆུང་བཙུན་མའི་སྡེ་ཁག་རང་སེམས་འཁུམ་དུ་མ་འཇུག །
དོན་མེད་རང་ཡུལ་ལུང་ལ་མི་སྒྲོགས་ངེས་པར་མི་འདུག །
མི་དགོས་ཨ་ཁ་ཨ་ནེས་དུས་ཚོད་འདའ་བར་མ་བྱེད། །
དགོས་མཁོའི་རིག་གནས་བསླབ་ནས་རང་ཡུལ་ལུང་ལ་ཕེབས་རོགས། །
མངའ་ཐང་ཅན་གྱི་རྒྱལ་པོ་འོག་སྡེ་ཇི་ལྟར་མང་ཡང་། །
སྒོ་སྲུང་ཅན་གྱི་རྭ་བར་མི་ཚུད་ངེས་པར་མི་འདུག །
ཉམ་ཆུང་མནར་གཅོད་འོག་ནས་སྡུག་བསྔལ་དྲག་པོ་མ་གཏོང་། །
རང་སེམས་དཔང་པོར་བཞག་ནས་དྲང་བདེན་ལས་དཀའ་གནང་རོགས། །
འབྱོར་ལྡན་ཚང་དཔོན་བཟང་པོར་ནོར་རྫས་ཅི་ལྟར་མང་ཡང་། །
གསང་མདོའི་སླང་མོ་མཁན་ལ་མི་འགྱུར་ངེས་པར་མི་འདུག །
སེར་སྣས་དམ་དུ་བཅིང་ནས་རྒྱུ་ནོར་གསོག་སྲུང་མ་བྱེད། །
ཐོག་མ་རང་གིས་སྤྱད་ནས་གཞན་ལ་ཅི་འབྱོར་གནང་རོགས། །
བྱང་ཐང་ཨ་ཁུ་འབྲོག་པས་ཤ་མར་ཅི་ལྟར་སྒྲུབ་ཀྱང་། །
དོན་མེད་དགྲ་རྐུན་ངན་པས་མི་བཅོམ་ངེས་པར་མི་འདུག །
ལས་འབྲེལ་རླུང་ལ་བསྐུར་ནས་རྟ་ནོར་ངན་གསོད་མ་བྱེད། །
ཉམ་ཆུང་རྟ་ནོར་ལུག་གསུམ་ཕན་སེམས་བཟང་པོས་བསྐྱོང་རོགས། །
ས་རོང་ཞིང་པ་རྒན་པོས་ས་ཞིང་མི་ལག་མ་འཇོག །
ཞིང་རིན་ངེས་མེད་འགྱུར་ལྡོག་ལོན་པའི་ངེས་པར་མི་འདུག །
ཕ་མྱེས་གོང་མའི་ཤུལ་བཞག་གང་ཡིན་མི་ཤེས་མ་བྱེད། །
རང་གི་བདག་ཏུ་གཟུང་ནས་རྨོ་རྐོ་སོ་ནམ་བྱེད་རོགས། །
གྲོང་ཁྱེར་དབུས་ཀྱི་སློབ་ཕྲུག་རིག་གནས་སྣ་ཚོགས་མཁས་ཀྱང་། །
གཞུང་ལས་ཁང་གི་ལྟོ་ཕོགས་རག་པའི་ངེས་པར་མི་འདུག །
རང་གི་སྐད་དང་ཡི་གེ་གང་ཡིན་མ་ངེས་མ་བྱེད། །
རང་ལུས་གཅེས་སྐྱོངས་གནང་ནས་མ་འོངས་མདུན་ལམ་འཚོལ་རོགས། །
གངས་ཅན་བུ་དང་བུ་མོའི་ལང་ཚོ་ཅི་ལྟར་མཛེས་ཀྱང་། །
ནད་ངན་ཨེ་ཛི་ལ་སོགས་མི་འགོས་ངེས་པར་མི་འདུག །
གཞན་ཡུལ་གྲོང་ཁྱེར་ནང་ལ་འགྲོ་འདུག་བྱ་བ་མ་མང་། །
མ་འོངས་བུ་རབས་ཚ་རྒྱུད་རང་གིས་གཅེས་སྤྲས་གནང་རོགས། །
ལྷ་ལྡན་གཙུག་ལག་ཁང་གི་གཡོན་ཟུར་ཚང་དཔོན་ནོར་བུ་བཟང་པོའི་ཇ་ཁང་ནང་ནས་གནས་ངེས་མེད་པས།