འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་དྲུག་པ་ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་23ཉིན་གྱི་སྔ་དྲོ་ཁ་ཧྲན་འགྲེམས་ཚོགས་ལྟེ་གནས་སུ་འཚོགས་པ་རེད། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་མཇལ་འཛོམས་གཙོ་སྐྱོང་གནང་བ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། པར་ཙིར་གྱི་ཙུང་ཐུང་ལུའུ་ལ(དྲ་ཐོག) ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི། རྒྱ་གར་གྱི་ཙུང་ལི་མོ་ཏི། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་ས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏེ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
ཞི་ཅིན་ཕིང་དང་ཐོག་ཁྱབ་ཁོངས་ཆུང་བའི་ཚོགས་འདུར་ཞུགས་པ་རེད།
ཞི་ཅིན་ཕིང་གིས་ཁོངས་གཏོགས་གསར་པ་འབོ་གསེར་ཁྱིམ་ཚང་ཆེན་མོའི་ནང་ཞུགས་པར་དགའ་བསུ་ཞུས་པ་དང་དེ་བཞིན་རྒྱལ་ཁབ་མང་པོ་ཞིག་འབོ་གསེར་རོགས་ཟླའི་རྒྱལ་ཁབ་ཏུ་འགྱུར་རྒྱུར་གདན་འདྲེན་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ཁོངས་གཏོགས་རྒྱལ་ཁབ་མང་དུ་གཏོང་བ་ནི་འབོ་གསེར་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་ལ། རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་ལྡོག་འགྲོ་བའི་མཚོན་རྟགས་རང་བཞིན་གྱི་བྱ་བ་ཞིག་ཀྱང་ཡིན། འབོ་གསེར་རྒྱལ་ཁབ་མཉམ་དུ་འཛོམས་པ་དེ་ནི་ཐུན་མོང་གི་དོན་གཉེར་བྱེད་ས་རྨང་གཞིར་བྱས་ཏེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་བབ་ཆེན་པོ་དང་བསྟུན་པ་ཞིག་ཡིན། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་སུ་འགྲོ་བཞིན་ཡོད་པ་སྟེ། སྣེ་མང་ཅན་གྱི་གནས་སྟངས་གསར་པ་ཡོད་ལ། “འཇམ་འཐབ་གསར་པའི”ཉེན་ཁའི་གནས་ཚུལ་ཡང་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་ལོ་རྒྱུས་ཀྱི་གོ་སྐབས་སྟངས་འཛིན་དང་། ལོ་རྒྱུས་ཀྱི་རང་འགུལ་མངོན་པ། སྒོ་དབྱེ་ཁོང་ཡངས་དང་མཉམ་ལས་མཉམ་རྒྱལ་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱ་རྒྱུ་མཐའ་འཁྱོངས། བློ་སེམས་གཅིག་མཐུན་བཅས་བྱས་ནས། འབོ་གསེར་རྒྱལ་ཁབ་ཀྱི་ཐུན་མོང་རིན་ཐང་སྔར་བས་གཅིག་སྒྲིལ་དང་འབོ་གསེར་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་འབྲེལ་དང་རང་སྟོབས་རང་སྤེལ་ལ་སྐུལ་འདེད་བཅས་ཀྱིས་འབོ་གསེར་དེ་ཉིད་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གཙོ་བོ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཕོ་འགྱུར་ལ་སྐུལ་འདེད་གཏོང་བའི་གདོང་ལེན་སྟོབས་ཤུགས་སུ་འགྱུར་བ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། འཛམ་གླིང་ཟང་ཟིང་ཇི་ཙམ་ཆེ་ན། ང་ཚོས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་དེ་ཙམ་གྱིས་མཐོན་པོར་སྒྲེང་བ་དང་། འབོ་གསེར་གྱི་འཇོན་ནུས་ཆེ་རུ་བཏང་ནས་འབོ་གསེར་གྱི་སྟོབས་ཤུགས་མངོན་པར་བྱེད་དགོས། ཞི་བདེའི་འབོད་སྒྲ་སྒྲོག་པ་དང་། སྐད་ཆ་ཤོད་རེས་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་རོགས་ཟླ་བྱེད་པ་ལས་མནའ་འབྲེལ་མི་སྒྲིག་པའི་རྣམ་པ་གསར་པའི་བདེ་འཇགས་དར་སྤེལ་གཏོང་དགོས། ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་ལམ་བུ་དོན་གཉེར་བྱེད་པ་དང་། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་ནས། ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་འགྲོ་ལམ་བརྟན་པོ་སྲུང་དགོས། མཉམ་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ནས། ཞིང་ལས་དང་ནུས་རྒྱུ། གཏེར་རྫས། དཔལ་འབྱོར་ཉོ་ཚོང་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་དང་མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ། ཉོ་ཚོང་མ་འཇོག་དང་དངུལ་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
དེ་རྗེས། ཞི་ཅིན་ཕིང་ཁྱབ་ཁོངས་ཆེ་བའི་ཚོགས་འདུར་ཞུགས་ནས་འབོ་གསེར་གྱི་འབྱུང་འགྱུར་འཕེལ་རྒྱས་ཐད་དགོངས་འཆར་གལ་ཆེན་དང་གྲོས་འགོ་ཁག་ལྔ་བཏོན་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་འདི་ཉིད་གཡོ་འགུལ་དང་འཕོ་འགྱུར་གྱི་དུས་མཚམས་གསར་པར་སླེབས་ཡོད་དེ། འཛམ་གླིང་འདི་ཉིད་ཟིང་ཆ་ཆེ་བ་ཞིག་ཏུ་འགྱུར་ཏུ་འཇུག་པའམ་ཡང་ན་ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱར་ལོག་བྱ་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩའི་གདམ་གར་ཐུག་ཡོད། དུས་རབས་ཀྱི་རླུང་རླབས་ཇི་ཙམ་ཆེ་ན། ང་ཚོས་དེ་ཙམ་གྱིས་དཔའ་ངར་ཆེན་པོས་རླབས་རྒྱུན་གྱི་མདུན་བསུས་ཏེ། བློ་བརྟན་འགྱུར་མེད་དང་གཞན་གྱི་སྔོན་ལ་སྐྱོད་ཕོད་པ། འགྱུར་ལྡོག་ལ་ངོས་འཛིན་དང་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐབས་ཇུས་བཅས་ཀྱི་ཐོག་ནས་ཐུན་མོང་ཐོག“འབོ་གསེར་མཉམ་ལས་ཆེན་པོའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ང་ཚོས“ཞི་བདེའི་འབོ་གསེར”བསྐྲུན་ནས་ཐུན་མོང་བདེ་འཇགས་སྲུང་སྐྱོང་བྱེད་མཁན་ཞིག་བྱེད་དགོས། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་བྱས་ན། གཞི་ནས་ཡོངས་ཁྱབ་བདེ་འཇགས་ཀྱི་ལམ་བུའི་ཐོག་བསྐྱོད་ཐུབ། “གཡུལ་ས་རྒྱ་མི་སྐྱེད་པ་དང་། དམག་འཁྲུག་རིམ་སྤོར་མི་བྱེད་པ། ཕྱོགས་ཁག་གིས་མེ་ལ་སྣུམ་མི་གཤོ་བ”བཅས་ཀྱི་རྩ་དོན་གསུམ་མཐའ་འཁྱོངས་བྱས་ཏེ། ཡུག་རེན་གྱི་ཉམས་ཉེན་དུས་བབ་མགྱོགས་མྱུར་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀ་ཧྲ་ས་ཁུལ་དུ་དམག་མཚམས་གང་མགྱོགས་འཇོག་རྒྱུའི་སྐུལ་འདེད་བཏང་སྟེ། ཕ་ལེ་སི་ཐན་གྱི་གནད་དོན་ཁྱོན་ཡོངས་དང་དྲང་གཞག རྒྱུན་སྲིང་བཅས་ཀྱི་སྒོ་ནས་ཐག་གཅོད་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།
ང་ཚོས“གསར་གཏོད་ཀྱི་འབོ་གསེར”བསྐྲུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་པ་བྱེད་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་དུས་རབས་ཀྱི་གོམ་སྟབས་རྗེས་སུ་དམ་པོར་འབྲངས་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཉེ་ཆར་ཀྲུང་གོ་དང་འབོ་གསེར་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་འཕེལ་རྒྱས་དང་མཉམ་ལས་ལྟེ་གནས་གསར་དུ་བཙུགས་ཡོད་པ་དང་། འབོ་གསེར་རྒྱལ་ཁབ་ཀྱི་མཚོ་གཏིང་ཐོན་ཁུངས་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་དང་། འབོ་གསེར་རྒྱལ་ཁབ་ཀྱི་དམིགས་བསལ་དཔལ་འབྱོར་ཁུལ་གྱི་ཀྲུང་གོའི་མཉམ་ལས་ལྟེ་གནས། འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་ནུས་པའི་ཀྲུང་གོའི་ལྟེ་གནས། འབོ་གསེར་རྒྱལ་ཁབ་ཀྱི་གྲངས་འཛིན་ཐོན་ལས་ཀྱི་འབྱུང་ཁམས་མཉམ་ལས་དྲ་བ་བཅས་འཛུགས་རྒྱུ་ཡིན་པས། ཕྱོགས་ཁག་དེའི་ནང་ཧུར་ཐག་ངང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ང་ཚོས“ལྗང་མདོག་གི་འབོ་གསེར”བསྐྲུན་ནས་རྒྱུན་སྲིང་འཕེལ་རྒྱས་ཀྱི་ལག་ལེན་པ་ཞིག་བྱེད་དགོས།
ཀྲུང་གོའི་གློག་སྒུལ་རླངས་འཁོར་དང་། ལི་རྒྱུའི་གློག་རྫས། འོད་ཧྥུའི་ཐོན་རྫས་སོགས་སྤུས་ལེགས་ཐོན་ནུས་ཀྱིས་འཛམ་གླིང་ལྗང་མདོག་འཕེལ་རྒྱས་ལ་རམ་འདེགས་གལ་ཆེན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་དང་མཉམ་དུ་ལྗང་མདོག་ཐོན་ལས་དང་ནུས་རྒྱུ་གཙང་མ། ལྗང་མདོག་གཏེར་རྫས་བཅས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་ཧྲིལ་པོའི“ལྗང་མདོག་ཅན”གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཉམ་ལས་ཀྱི་ལྗང་མདོག་ཆུ་ཚད་མཐོ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་རིན་ཐང་ཆེ་རུ་གཏོང་འདོད་ཡོད།
ང་ཚོས“དྲང་བདེན་གྱི་འབོ་གསེར”བསྐྲུན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་ཀྱི་སྣེ་ཁྲིད་པ་བྱེད་དགོས།
རྒྱལ་སྤྱིའི་སྟོབས་ཤུགས་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་རུང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་བྱ་རྒྱུ་ཡུན་རིང་རྗེས་ལུས་ཐེབས་ཡོད། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་མཐའ་འཁྱོངས། འདྲ་མཉམ་དྲང་བདེན་དང་སྒོ་དབྱེ་ཁོང་ཡངས་ཀྱི་འདུ་ཤེས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་བསྒྱུར་བཅོས་ལ་སྣེ་ཁྲིད་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས། དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་དངུལ་རྩའི་བདེ་འཇགས་སྲུང་སྐྱོབ་བྱེད་པ། གསར་སྤེལ་དངུལ་ཁང་གསར་པ་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་སྤྱིའི་དངུལ་རྩའི་མ་ལག་གིས་འཛམ་གླིང་དཔལ་འབྱོར་གནས་བབ་ཀྱི་འགྱུར་ལྡོག་དེ་བས་ལེགས་པའི་སྒོ་ནས་མཚོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ང་ཚོས“མི་ཆོས་རིག་གནས་ཀྱི་འབོ་གསེར”བསྐྲུན་ནས་ཤེས་དཔལ་ཞི་མཐུན་མཉམ་གནས་དར་སྤེལ་གཏོང་མཁན་བྱེད་དགོས། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཤེས་དཔལ་མི་འདྲ་བ་ཁོང་ཡངས་མཉམ་གནས་ཐུབ་རྒྱུ་དར་སྤེལ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་འབོ་གསེར་གྲངས་འཛིན་སློབ་གསོའི་མཉམ་ལས་གྲོས་འགོ་ལག་བསྟར་བྱེད་འགོ་ཚུགས་ཟིན་པ་དང་། འབོ་གསེར་གྲངས་འཛིན་སློབ་གསོའི་ནུས་པ་འཛུགས་སྐྱོང་འཆར་འགོད་ལག་བསྟར་བྱ་རྒྱུ་ཡིན་ཞིང་། མ་འོངས་པའི་ལོ་ལྔའི་ནང་འབོ་གསེར་རྒྱལ་ཁབ་ཏུ་ཕྱི་རྒྱལ་གྱི་སློབ་སྦྱོང་ལྟེ་གནས་10བཙུགས་ནས་སློབ་གསོའི་དོ་དམ་མི་སྣ་དང་དགེ་སློབ་1000ལ་གསོ་སྦྱོང་གི་གོ་སྐབས་སྤྲོད་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས་མཇུག་ཏུ། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཁག་དང་མཉམ་དུ“འབོ་གསེར་མཉམ་ལས་ཆེན་པོའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཏོད་དེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
ཚོགས་ཞུགས་འགོ་ཁྲིད་ཀྱིས“ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་བརྒྱབ་ནས་དྲང་བདེན་གྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་བདེ་འཇགས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་བྱ་གཙོ་བོར་གཞིགས་ནས་འབོ་གསེར་མཉམ་ལས་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཡོད།
འགོ་ཁྲིད་མི་སྣས་འབོ་གསེར་མཉམ་ལས་ལམ་སྲོལ་གྱི་འཕེལ་རྒྱས་དང་དེས་གོ་ལ་ཧྲིལ་པོའི་འགྲན་སློང་ཐག་གཅོད་བྱེད་པའི་ནང་ཐོན་པའི་གལ་ཆེའི་ནུས་པར་གདེང་འཇོག་གང་ལེགས་གནང་བ་དང་། འབོ་གསེར་རྒྱལ་ཁབ་ཀྱི་མི་འབོར་མང་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པ། འཕེལ་རྒྱས་ཀྱི་འདིང་ཤུགས་ཆེ་བ། འབོད་སྐུལ་བྱེད་ནུས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་པས། ཕྱོགས་མང་རིང་ལུགས་ཀྱི་དཔེ་མཚོན་ཞིག་ལ་གྱུར་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་འབོ་གསེར་སྙིང་སྟོབས་རྒྱུན་འཛིན་གྱིས་མཐུན་སྒྲིལ་རོགས་རེས་ལ་ཤུགས་སྣོན་རྒྱག་པ་དང་། “འབོ་གསེར་ཆེན་པོའི”འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱི་བདེ་འཇགས་དང་། དཔལ་འབྱོར་ཉོ་ཚོང་དང་ནོར་དཔལ། རིག་གནས་སྤེལ་རེས་བཅས་གསུམ་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཐོག འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན། འཛམ་གླིང་རྒྱུན་མཐུད་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་ལས་དོན་ཁྲོད་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་དང་འཐུས་ཚབ་རང་བཞིན་སྔར་བས་ཆེ་རུ་གཏོང་བ་དང་། འདྲ་མཉམ་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་མང་རིང་ལུགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་མ་ལག་ནང་གི་སྲོག་ཤིང་ནུས་པར་སྲུང་སྐྱོབ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་ཐབས་རིག་ནུས་སོགས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ནུས་པ་གལ་ཆེན་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས། སྐད་ཆ་ཤོད་རེས་དང་གྲོས་མོལ་ལ་བརྟེན་ནས་ཞི་བའི་ཐོག་ནས་རྩོད་གཞི་ཐག་གཅོད་བྱ་རྒྱུར་གཞོལ་བ་དང་། ཞི་བའི་ཐོག་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་འབད་བརྩོན་ཐ་དག་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་ཁག་གི་ལུགས་མཐུན་གྱི་བདེ་འཇགས་དོ་ཁུར་ལ་བརྩི་འཇོག་བྱེད་དགོས། ད་ཡོད་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་རྩའི་སྒྲོམ་གཞིའི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། གསར་སྤེལ་དངུལ་ཁང་གསར་པ་དེ་ཉིད་དུས་རབས་21པའི་རྣམ་པ་གསར་པའི་ཕྱོགས་མང་དངུལ་ཁང་ཞིག་ཏུ་བསྐྲུན་དགོས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཀྲུང་གོ་ཕྱོགས་ནས་བཏོན་པའི“ཤེས་དཔལ་དབར་སྐད་ཆ་ཤོད་རེས་ཀྱི་རྒྱལ་སྤྱིའི་ཉིན་མོའི”འབྲེལ་ཡོད་གྲོས་ཆོད་ལ་གྲོས་འཆམ་བྱུང་བར་བསྔགས་བརྗོད་བྱེད་པ་དང་། འཛམ་གླིང་ཤེས་དཔལ་སྣ་མང་ཅན་ལ་བརྩི་བཀུར་བྱས་ནས་ཤེས་དཔལ་མི་འདྲ་བའི་དབར་སྤེལ་རེས་དང་དཔྱད་གཞི་འཛིན་རེས་བྱེད་དགོས་པའི་འབོད་སྐུལ་བྱེད་དགོས་པའི་ངོས་འཛིན་གནང་ཡོད།
མཇལ་འཛོམས་ཐོག《འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་དྲུག་པའི་ཁ་ཧྲན་བསྒྲགས་གཏམ》སྤེལ་བ་དང་། འབོ་གསེར་རོགས་ཟླའི་རྒྱལ་ཁབ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།
མཇལ་འཛོམས་གནང་རིང་། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ད་དུང་གསར་སྤེལ་དངུལ་ཁང་གསར་པའི་འགོ་འཛིན་ལུའོ་སའེ་ཧྥུ་སོགས་འབོ་གསེར་ལམ་སྲོལ་གྱི་འགན་འཁུར་མི་སྣའི་ལས་དོན་སྙན་ཞུ་གསན་པ་མ་ཟད་མཉམ་སྡེབ་སྐུ་པར་བསྐྱོན་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད།