ཀ་དག་གདོད་མའི་མགོན་དང་དབྱེར་མེད་པ། །
ཁ་བ་ཅན་གྱི་སྐྱེ་འགྲོ་ཡོངས་ཀྱི་མགོན། །
ག་དུས་ཡིན་ཡང་ཉི་དང་ཟེར་བཞིན་དུ། །
ང་ཡིས་མགོན་ཁྱེད་སྙིང་གི་པདྨོར་རོལ། །
ཅ་ཅོ་མེད་པའི་བརྗོད་ཚིག་རྣམ་པར་དག །
ཆ་ལག་དང་བཅས་སྙན་རྒྱུད་ཟབ་མོའི་སྐོར། །
ཇ་དུས་ཚེ་ཡང་བཀའ་དྲིན་གནང་བ་པོ། །
ཉ་ཆུང་ང་ཡིས་མགོན་ཁྱེད་ཡང་ཡང་དྲན། །
ཏ་ཐཱ་ག་ཏའི་བསྟན་པའི་གསལ་བྱེད་ཁྱེད། །
ཐ་མི་དད་པ་སློབ་དཔོན་པདྨ་དངོས། །
ད་ལྟའི་རིག་པའི་རོལ་རྩལ་འཆར་ངོས་ལ། །
ན་ཚོད་གཞོན་པའི་དཀར་ལ་དམར་མདངས་ཅན། །
པ་ལོ་སྨུག་པོས་སྐུ་སྟོད་ཁེབ་པར་ཞིག །
ཕ་བཟང་བུ་ངའི་ཡིད་ལ་ལམ་མེར་འཆར། །
བ་གླང་ལ་སོགས་ཉམ་ཆུང་སེམས་ཅན་རྣམས། །
མ་དག་མིག་གིས་ཡུལ་ལས་འདས་ནས་འདུག །
ཙ་ཀ་ལི་ཀའི་སྔོན་ནས་ངོ་སྤྲོད་བཞིན། །
ཚ་གྲང་འགལ་འབྲེལ་བློ་ཡུལ་འདས་ན་ཡང་། །
ཛ་གད་ལ་སོགས་དངོས་དང་ཡིད་ཀྱིས་སྤྲུལ། །
ཝ་ལེར་གསལ་ནས་དྲིན་ཆེན་ཁྱེད་ལ་དབུལ། །
ཞ་གོས་ལ་སོགས་ཆ་ལུགས་མ་ངེས་པར། །
ཟ་ཟིང་མང་བའི་རང་དོན་ཀུན་སྤངས་ནས། །
འ་འུར་མེད་པའི་དབེན་པའི་རི་ཁྲོད་ལ། །
ཡ་རབ་དམ་པའི་རྣམ་ཐར་ཇི་བཞིན་བཞུགས། །
ར་དཀར་འོ་མས་བྲིས་འདྲའི་གདམས་ངག་བཞིན། །
ལ་ལུང་བརྒྱ་སྟོང་སོང་ཡང་རྙེད་དཀའ་བར། །
ཤ་ཚ་སྙིང་རྗེས་མ་བཟོད་བདག་ལ་བསྩལ། །
ས་ཐོབ་སེམས་དཔའ་ཁྱེད་ལ་གུས་པས་འདུད། །
ཧ་ཅང་དད་པའི་སེམས་ཀྱིས་འདབ་བརྒྱ་གྲོལ། །
ཨ་ཡིག་དམར་པོའི་བརྡ་དོན་ཝ་ལེ་དྲན། །
ཧ་ཧེ་གད་རྒྱང་མགྲིན་པའི་ཀློང་ནས་བརྡོལ། །
ཨ་བླ་ཡབ་སྲས་རྒྱུན་དུ་མཆོད་པའི་ཡུལ། །
རྒྱ༵ལ་བའི་རྒྱལ་ཚབ་རྒྱལ་བསྟན་ཡོངས་ཀྱི་བདག །
སྲ༵ས་བཅས་རྒྱལ་བའི་རང་གཟུགས་སྤྱན་རས་གཟིགས། །
ག༵ར་དུ་རོལ་བར་འུ་ཅག་བསོད་ནམས་ལགས། །
དབ༵ང་ལུང་ཁྲིད་སོགས་ཟབ་ཆོས་མང་དུ་བསྩལ། །
རྡོ༵་རྗེའི་མཆེད་ལྕམ་དམ་ཚིག་རྣམ་པར་དག །
རྗེ༵་བཙུན་བླ་མ་ཁྱེད་དང་དབྱེར་མེད་ཤོག །
ཅེས་སྤྱི་ལོ་༢༠༢༢/༧ /༡༥ཉིན་མི་གཡོ་བསམ་གཏན་གླིང་ནས་གནས་ངེས་མེད་ནས།