མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཡིན།

文化   2024-11-16 23:42   西藏  

འཇམ་དབྱངས་མཁྱེན་བརྩེ་དབང་པོའི་སྐུ་ཕྲེང་གཉིས་པ་ཆོས་ཀྱི་བློ་གྲོས་ཡིན། རབ་བྱུང་བཅོ་ལྔ་པའི་ཆུ་སྦྲུལ་ཕྱི་ལོ་ ༡༨༩༣ ལོར་མདོ་ཁམས་ས་ངན་རེ་ཁེའི་ནང་གསེས་ཨ་བྱམས་སུ་ཡབ་ས་ངན་གསེར་པ་གཏེར་ཆེན་འགྱུར་མེད་ཚེ་དབང་རྒྱ་མཚོ་དང་། ཡུམ་ཚུལ་ཁྲིམས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་པར་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཕྲིན་ལས་ཀྱི་སྤྲུལ་སྐུར་མངའ་གསོལ། སི་ཏུ་པཎ་ཆེན་ཆོས་ཀྱི་ཉི་མ་དང་། སློབ་དཔོན་ཐུབ་བསྟན་རིག་འཛིན་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་གཙུག་ལག་ལུང་རིགས་སྨྲ་བའི་སེངྒེ་ཞེས་གསོལ། མཁན་སློབ་དེ་དག་ལས་རིག་གནས་སྐོར་གསན་སྦྱངས་གནང་། 


དགུང་ལོ་བཅོ་ལྔ་པར་རྫོང་སར་བཀྲ་ཤིས་ལྷ་རྩེར་ཕེབས། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ། གཏེར་ཆེན་ལས་རབ་གླིང་པ། མཁན་ཆེན་ཀུན་བཟང་དཔལ་ལྡན་སོགས་རྙིང་མ། འཇམ་དབྱངས་བློ་གཏེར་དབང་པོ། སྒ་སྟོན་ངག་དབང་ལེགས་པ། སྡེ་གཞུང་ཀུན་དགའ་རྒྱལ་མཚན་སོགས་ས་སྐྱ། སི་ཏུ་པདྨ་དབང་མཆོག་རྒྱལ་པོ། འཇམ་མགོན་ཀོང་སྤྲུལ་སོགས་བཀའ་བརྒྱུད། རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོ་སོགས་དགེ་ལུགས་ཀྱི་བླ་མ་སོགས་ཡོངས་འཛིན་དམ་པ་བརྒྱད་ཅུ་ལྷག་བསྟེན་ཏེ། ཐུན་མོང་རིག་གནས་དང་། རིན་ཆེན་གཏེར་མཛོད་དང་། གསུང་ངག་ལམ་འབྲས། རྒྱུད་སྡེ་ཀུན་བཏུས། སྒྲུབ་ཐབས་ཀུན་བཏུས་སོགས་ས་དགེ་བཀའ་རྙིང་གི་ཆོས་སྐོར་ཡོངས་རྫོགས་ལ་གསན་བསམ་མཐར་ཕྱིན་པ་མཛད། ཀྱེེ་རྡོར་སོགས་གསར་རྙིང་གཏེར་གསུམ་གྱི་ལྷག་པའི་ལྷ་བརྒྱ་དང་སུམ་ཅུ་ལྷག་གི་བསྙེན་སྒྲུབ་མཐར་སོན། 


དགུང་ལོ་ཉེར་དྲུག་པར་ཁམས་བྱེ་རྫོང་སར་བཤད་གྲྭ་གསར་འཛུགས་གནང་སྟེ་གཞུང་ལུགས་གྲགས་ཆེན་བཅོ་བརྒྱད་སོགས་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་དར་བར་མཛད། དཀར་མོ་སྟག་ཚང་གི་སྒྲུབ་གྲྭ། སྡེ་དགེ་དྲ་མ་སྒྲུབ་ཁང་གསར་བཞེངས་དང་། ཀཿཐོག་རྒྱུད་སྡེའི་བཤད་གྲྭ་ཁག་ཉམས་གསོ་མཛད། གཞན་ཡང་རྗེ་གོང་མའི་གསུང་འབུམ་གཙོ་བོར་བྱས་པའི་གསུང་རབ་པོད་སུམ་སྟོང་ལྷག་གིས་མཚོན་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་བཞེངས། སྔ་ཕྱིར་རིན་ཆེན་གཏེར་མཛོད་ཚར་གཅིག། སྒྲུབ་ཐབས་ཀུན་བཏུས་ཚར་བཞི། གདམས་ངག་མཛོད་ཚར་གཉིས། ལམ་འབྲས་ཚར་ལྔ། སྨིན་གླིང་གཏེར་ཆེན་ཚར་བཞི། སྙིང་ཐིག་གོང་འོག རྒྱུད་སྡེ་ཀུན་བཏུས་སོགས་ཆོས་འཁོར་བསྐོར། 


སློབ་མ་ཡང་། ས་སྐྱའི་ཕོ་བྲང་ཁག་གཉིས་ཀའི་བདག་ཆེན་ཡབ་སྲས། ངོར་མཁན་ཞབས་ཐམས་ཅད། རྒྱལ་དབང་ཀརྨ་པ་བཅུ་དྲུག་པ། ཏཱའི་སི་ཏུ་པདྨ་དབང་ཆེན། མདོ་ཁམས་བརྒྱད་པ་དོན་བརྒྱུད་ཆོས་ཀྱི་ཉི་མ། སྨིན་གླིང་མཁན་གཅུང་རྣམ་གཉིས། ཀཿདཔལ་ཞེ་རྫོགས་བཞིའི་བསྟན་བདག་མཆོག་གི་སྤྲུལ་པའི་སྐུ་རྣམ་པ། དིལ་མགོན་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་སོགས་དུ་མ་བྱོན། གསུང་རྩོམ་ལ། བསྟོད་ཚོགས་དང་། ཁྲིད་ཡིག།ཕྱག་ལེན་སྐོར་སོགས་པོད་ཆེན་བཅུ་གཉིས་བཞུགས། དགུང་གྲངས་རེ་གསུམ་པར་བོད་ལ་དུས་འགྱུར་བྱུང་བར་བརྟེན་རྒྱ་བལ་ཕྱོགས་སུ་ཕེབས་ཏེ་བསྟན་དོན་མཛད། མཐར་དགུང་གྲངས་རེ་བདུན་པ་རབ་བྱུང་བཅུ་དྲུག་པའི་ས་ཕག་ཟླ་བ་ལྔ་པའི་ཚེས་དྲུག་ཕྱི་ལོ་ ༡༩༥༩ ལོར་འབྲས་ལྗོངས་སུ་བདེ་བར་གཤེགས་སོ།



早变仓
ངའི་འཕྲིན་སྟེཊ་ལ་མཉམ་ཞུག་ནི་ང་ལ་ཧ་ཅང་དགའ་བའི་རྣམ་འགྱུར་ཞིག་ཡིན།ངེས་ཀྱང་ཁྱེད་ལ་ཉི་མ་རེ་རེ་བཞིན་ལེགས་སྐྱེས་རེ་འབུལ་ངེས་ཡིན
 最新文章