ཀ་བ་ལྟ་བུ་དངོས་པོ་གཅིག་ལ། །
ཁ་དོག་དབྱིབས་སོགས་ཇི་ཙམ་བཙལ་ཡང་། །
ག་ཡིན་མིན་པའི་རྟོག་ངན་གཅིག་ལས། །
ང་ལ་ཕན་པའི་ངེས་ཤེས་མ་རྙེད། །
ཅ་ཅོའི་ཚིག་ཚོགས་ལེགས་ལེགས་འདྲ་ཡང་། །
ཆ་མེད་མི་ལ་བསྟེན་སྔ་བྱས་ན། །
ཇ་ཆུ་འཛོམ་ཚེ་མི་ལུས་དོན་མེད། །
ཉ་རྒྱ་ཚུད་ནས་ཚེ་སྲོག་ཤོར་ངེས། །
ཏ་ཐཱ་ག་ཏའི་བསྟན་འཛིན་སྐྱེས་ཆེན། །
ཐ་མའི་མི་བཞིན་སོ་སྐྱེའི་ཚུལ་བཟུང་། །
ད་ལྟའི་དུས་ལ་རེ་གཉིས་སྲིད་པས། །
ན་མཉམ་རྣམ་པར་མ་ཉལ་ཡར་ལང་། །
པ་ལོ་སྨུག་པོ་རལ་གྲིས་བཅད་པ། །
ཕ་རྒན་པདྨའི་རྗེས་འཇུག་ཡིན་ན། །
བ་གླང་བཞིན་དུ་དོན་མེད་མི་འགྱུར། །
མ་གྱུར་འགྲོ་ལ་ཕན་ཞིག་ལོས་ཐོག །
ཙ་རི་གནས་མཆོག་འདྲ་བའི་དབེན་སར། །
ཚ་གྲང་ཆེད་དུ་བསད་ནས་བཞུགས་རན། །
ཛ་དྲག་ད་ལྟའི་དུས་ངན་འདི་ལ། །
ཝ་མོ་བཞིན་དུ་འགྲོ་འདུག་མ་མང། །
ཞ་མོ་སྐྱ་ལེབ་རླུང་གི་འཁྱེར་ནས། །
ཟ་འདོད་ཚོགས་པའི་ལག་ཏུ་ཚུད་ན། །
འ་རེ་འུར་རེར་ཁྲིམས་ཆད་ཕོག་ཡོང་། །
ཡ་རབ་དམ་པའི་སློབ་གསོ་མ་བརྗེད། །
ར་གན་བསྒྱུར་ནས་མི་མགོ་མ་བསྐོར། །
ལ་ཁའི་དར་རྩེ་ག་སྐྱོད་ངེས་མེད། །
ཤྭ་ཕོ་བཞིན་དུ་ལུང་སྟོང་འགྲིམ་ནས། །
ས་ཁུག་ཅིག་ལ་རང་ངོ་བསྐྱང་ན། །
ཧ་ཅང་མི་རིང་ཆོས་སྐུའི་རང་ཞལ། །
ཨ་བུ་ང་ཡིས་ནམ་ཞིག་ལོས་མཐོང་། །
ཞེས་མི་གཡོ་བསམ་གཏན་གླིང་ནས་རྙིང་རྒྱུད་ལྗགས་ལུང་ཞུ་ཞོར་གནས་ངེས་མེད་ནས།