བཀའ་དྲིན་ཅན་གྱི་ཞབས་ལ་ཕྱག་འཚལ་ལོ།།
ད་རེས་དལ་འབྱོ་མི་ལུས་ཐོབ་པ་འདིར།།
དོན་མེད་འཇིག་རྟེན་བྱ་བས་མི་གཡེང་བར།།
ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ།།
རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས།།
ལུས་སེམས་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འཆི་བདག་རླུང་དམར་ནམ་འོང་ཆ་མེད་པས།།
སྐད་ཅིག་མི་རྟག་འཆི་བ་མི་རྟག་སེམས།།
འཆི་མེད་རིག་པའི་བཙན་ས་ཟིན་པར་མཛོད།།
འཁོར་བའི་རྒྱ་མཚོ་ཆེན་པོ་གཏིང་རིང་ཟབ།།
འདི་ལ་ཇི་ལྟར་འབད་ཀྱང་སྙིང་པོ་མེད།།
བདེ་སྡུག་ཆུ་གཉེར་འདྲ་སྟེ་རྗེས་མ་དཔྱོད།།
འདི་ལ་ཞེན་ལོག་མཛད་དགོས་སེམས་ལ་ཟུང་།།
དགེ་སྡིག་ལས་ཀྱི་ས་བོན་ཇི་བཏབ་པ།།
འབྲས་བུ་བདེ་སྡུག་འབྱུང་བ་ཆོས་ཉིད་ཡིན།།
ལས་འབྲས་བསླུ་མེད་ཡིན་པ་ངོ་ཤེས་ནས།།
འདི་ལ་བླང་དོར་བྱེད་དགོས་སེམས་ལ་ཟུང་།།
སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམས་གསུམ་ལ།།
སྙིང་ནས་རྩེ་གཅིག་གུས་པས་གསོལ་འདེབས་དང་།།
བློ་ཁེལ་གདེང་བཅས་སྐྱབས་གཞན་མི་འཚོལ་བར།།
མི་བསླུ་སྐྱབས་གནས་ཉག་གཅིག་ཤེས་པར་མཛོད།།
འགྲོ་ཀུན་ཕ་མ་ཤེས་པའི་སྙིང་རྗེ་དང་།།
དམིགས་མེད་སྟོང་པ་ཆེན་པོའི་ངང་ཉིད་ལས།།
དེ་དག་སྲིད་པའི་མཚོ་ལས་སྒྲོལ་འདོད་སེམས།།
དུས་རྣམས་ཀུན་ཏུ་འབྲལ་མེད་བསྐྱེད་པར་མཛོད།།
སྤྱི་བོའི་གཙུག་ཏུ་རྩ་བའི་བླ་མ་བསྒོམ།།
དུས་རྣམས་ཀུན་ཏུ་རྩེ་གཅིག་གསོལ་བ་ཐོབ།།
དབང་བཞི་བླངས་ནས་ཐུགས་ཡིད་དབྱེར་མེད་བསྲེས།།
གནས་ལུགས་ལྟ་བའི་ངང་དུ་མཉམ་པར་ཞོག།
དེ་ལས་ལྡང་ཚེ་སྣང་སྲིད་ཐམས་ཅད་ཀུན།།
བདེན་མེད་སྒྱུ་མ་ལྟ་བུར་ཤེས་ནས་ཀྱང་།།
དམིགས་མེད་འཁོར་གསུམ་དག་པའི་རྩིས་ཟིན་པའི།།
དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ་བར་གྱིས།།
གཟུགས་སྣང་ཐམས་ཅད་བླ་མའི་རྣལ་རོལ་ཤར།།
འཛིན་པ་རྗེས་མེད་ཡིན་པས་རང་སར་ཐོངས།།
ད་ལྟའི་རང་སེམས་མ་བཅོས་གསལ་བ་འདི།།
ཟ་ཉལ་འགྲོ་འདུག་གང་གི་སྐབས་སུ་ཡང་།།
མ་བརྗེད་ཙམ་དུ་དྲན་པས་སྐྱོང་བ་ཡིས།།
འཛིན་མེད་རང་སར་རྗེས་མེད་ངང་ལ་ཞོག།
དེ་ཡི་ངང་ལ་དྲན་རྟོག་ཅི་ཤར་ཡང་།།
བྱ་ལམ་ནམ་མཁའ་རྗེས་མེད་ངང་དུ་ཞོག།
བཟང་ངན་སྣ་ཚོགས་སྣང་བ་ཅི་ཤར་ཡང་།།
བདེན་མེད་སྒྱུ་མ་རྨི་ལམ་ལྟར་དུ་ཞོག།
ཚོགས་དྲུག་ཡུལ་ལ་སྣང་བ་གང་ཤར་ཡང་།།
གསལ་སྟོང་འགགས་མེད་འཇའ་ཚོན་ལྟ་བུར་ཞོག།
ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་འདི།།
གཞི་མེད་རྩ་བྲལ་དམིགས་མེད་ཀློང་དུ་ཞོག།
རིག་པ་འགགས་མེད་རང་གསལ་རྗེན་པ་འདི།།
རང་བབས་ངང་ལ་རང་གཤིས་རྗེན་པར་སྐྱོང་།།
གློ་བུར་རྐྱེན་ངན་སྣ་ཚོགས་ཅི་བྱུང་ཡང་།།
འཛིན་རྩོལ་གཉིས་མེད་རང་སེམས་ངང་ལ་ཞོག།
རྐྱེན་ངན་ཐམས་ཅད་ལམ་གྱི་གྲོགས་སུ་ཤར།།
དུག་ལྔ་རང་སར་གྲོལ་བའི་གནད་ཅིག་ཡོད།།
འདི་བྲིས་དགེ་བས་འོད་གསལ་སྙིང་པོའི་དོན།།
འབད་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།།
ཅེས་པ་འདི་པདྨ་ལྷ་མོ་ལ་བྲིས་པའོ། །