འཇིགས་གླིང་རྗེས་དྲན་དུ།

文化   2024-11-04 15:15   西藏  

༄༅། །རིག་འཛིན་འཇིགས་མེད་གླིང་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་སྤྲིན་འཁྲིགས་བཞུགས།

དང་པོ་སྐྱབས་སེམས་ནི། ན་མོ། རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཆེ། །བླ་མ་རྣམས་ལ་སྐྱབས་སུ་མཆི། །མ་རིག་འཁྲུལ་བའི་འགྲོ་བ་རྣམས། །རང་སར་གྲོལ་བར་སེམས་བསྐྱེད་དོ། །ཨ་སྐྱེ་མེད་ཆོས་དབྱིངས་གདོད་མའི་མཁའ། །སྣང་བ་མ་འགག་ཟུང་འཇུག་སྒྱུ་མའི་ཚུལ། །བདག་ལུས་ཐ་མལ་གནས་པའི་སྤྱི་བོ་རུ། །པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །རྒྱལ་བ་ཀུན་འདུས་རིག་འཛིན་འཇིགས་བྲལ་གླིང་། །དཀར་དམར་མདངས་ལྡན་ཞི་འཇམ་མཛེས་པའི་སྐུ། །སྲིད་ལས་དུབ་པའི་མགྲོན་པོར་ངལ་སྟེར་ཞིང་། །བདེན་པ་དབྱེར་མེད་དོན་ལ་རྟག་གཟིགས་ཕྱིར། །ཞལ་གཅིག་ཕྱག་གཉིས་ངལ་གསོའི་ཕྱག་རྒྱ་ཅན། །གོས་དཀར་མཐོན་མཐིང་ཟུར་ཕུད་ལྡན་པའི་རྩེར། །འབུམ་ཕྲག་དྲུག་བཅུའི་ངོ་བོ་གླེགས་བམ་མཛེས། །པད་སྡོང་ལས་ཀྱིས་རལ་གྲི་པུ་སྟི་འཛིན། །སྣང་ལ་རང་བཞིན་མེད་པར་ལམ་མེར་གསལ། །བདེ་གཤེགས་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །མོས་གུས་འདུ་འབྲལ་མེད་པས་ཕྱག་འཚལ་ལོ། །དྲན་པ་ཡེངས་མེད་མཆོད་པའི་ཕྱག་རྒྱར་འབུལ། །སྟོང་འཛིན་ཤེས་བྱའི་སྒྲིབ་པ་དབྱིངས་སུ་བཤགས། །མཉམ་པར་མ་བཞག་མེད་ལ་རྗེས་ཡི་རང་། །ལྷག་མཐོང་ཡེ་ཤེས་གསལ་བའི་ཆོས་འཁོར་བསྐོར། །ས་ལམ་གཅིག་ཆོད་ངང་དུ་བཞུགས་གསོལ་འདེབས། །དགེ་ཚོགས་ཆོས་དབྱིངས་གཞོན་ནུ་བུམ་སྐུར་བསྔོ། །ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །བདག་གིས་འབད་པ་ཐམས་ཅད་ཀྱང་། །རེ་དོགས་རྣམ་ཡེངས་འདུ་འཛི་དང་། །ཆོས་བརྒྱད་ཉོན་མོངས་གྱི་ནར་འཕྱན། །སྙིགས་མ་ལྔ་ཡི་མཐར་སྐྱེས་ཤིང་། །བྱིས་དང་སྡིག་གྲོགས་གཞན་དབང་གིས། །ཟིལ་གྱིས་གནོན་པའི་དུས་འདི་རུ། །ངེས་འབྱུང་རྒྱུད་སྐྱེ་བྱིན་གྱིས་རློབས། །དེ་ཡང་ཞི་བདེའི་དབང་གྱུར་ནས། །ཐེག་དམན་ལམ་དུ་མི་འཕྱན་པར། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་ཀུན། །སེམས་ཅན་དོན་དུ་འགྱུར་བར་ཤོག །བླ་མ་སངས་རྒྱས་འདུས་པའི་སྐུར། །ཐེ་ཚོམ་ལོག་ལྟ་བྲལ་གྱུར་ནས། །སློབ་པ་ལམ་གྱི་ཡོན་ཏན་ཀུན། །ཚེ་འདི་ཉིད་ལ་རྫོགས་པར་ཤོག །བདག་གིས་འབད་ཀྱང་ཐར་བར་དཀའ། །བླ་མའི་ཐུགས་རྗེའི་འགྲོ་བ་ནི། །མོས་གུས་ཁོ་ནའི་རྒྱུ་འབྲས་ཕྱིར། །ཐུགས་ཡིད་གཅིག་ཏུ་འདྲེས་གྱུར་ཅིག །ཨོཾ་ཨཱཿགུ་རུ་ཨབྷ་ཡ་དྭཱེ་ཝ་སིདྡྷི་། ཞེས་སྙིང་ནས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་བཞིན་བཟླ་མཐར་མོས་གུས་ཀྱིས་དབང་བཞི་བླངས་བ་ནི། མོས་གུས་ཁོ་ནས་བླ་མའི་ཐུགས་རྒྱུད་བསྐུལ། །གནས་གསུམ་ཨོཾ་དཀར་ཨ་དམར་ཧཱུྃ་མཐིང་ལས། །རང་རང་འོད་བྱུང་བདག་གི་གནས་གསུམ་ཐིམ། །སྒོ་གསུམ་ཤེས་བྱའི་སྒྲིབ་པ་བཅས་པ་སྦྱངས། །དབང་བཞི་ཐོབ་ནས་ཐུགས་ཡིད་གཅིག་ཏུ་འདྲེས། །སྐུ་བཞི་ལྷུན་རྫོགས་ལྷན་སྐྱེས་བདེ་ཆེན་ངང་། །དྲན་པ་རང་སྟོང་བླ་མའི་ཞལ་མཐོང་གྱུར། །གནས་ལུགས་ངང་ལ་མཉམ་པར་བཞག་ནས་དེ་ལས་ལྡང་ནས་བསྔོ་བ་སྨོན་ལམ་འདེབས་པར་བྱའོ། །འདི་ལྟར་བྲི་དགོས་ཞེས་བླ་མ་རིག་འཛིན་གྱིས་བསྐུར་ངོར་ཀུན་མཁྱེན་ཞལ་གསུང་བླ་རྣམ་ལ་ཚིག་ཕྲད་ཅུང་ཟད་རེ་མ་གཏོགས་རང་སོར་བཞག་ནས་མ་ཏི་སཱ་རས་བྲིས་པ་དགེའོ། །དགེའོ། །དགེའོ། །སརྦ་མངྒལཾ༎ ༎


早变仓
ངའི་འཕྲིན་སྟེཊ་ལ་མཉམ་ཞུག་ནི་ང་ལ་ཧ་ཅང་དགའ་བའི་རྣམ་འགྱུར་ཞིག་ཡིན།ངེས་ཀྱང་ཁྱེད་ལ་ཉི་མ་རེ་རེ་བཞིན་ལེགས་སྐྱེས་རེ་འབུལ་ངེས་ཡིན
 最新文章